ཨ་ཕའི་དཀའ་སྤྱད་སྡུག་རུས་ལས།། བུ་གཉིས་སློབ་ཆེན་པ་རུ་བསྐྱངས།།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-05


        མའོ་རྫོང་ཧྥའེ་ཧུང་ཡུལ་ཚོའི་ཧུན་ཀོའུ་གྲོང་སྡེ་ནི་མཚོ་ངོས་ལས་མཐོ་ཚད་སྨི་2500ཡོད་སར་གནས་ཤིང་། རི་གཟར་ལ་ལམ་ཐག་རིང་བས། མིང་དོན་མཚུངས་པའི་རི་རྐེད་གྲོང་སྡེ་ཞིག་ཡིན། གྲོང་སྡེ་དེ་རུ་ཁྱིམ་ཚང་ཕལ་བ་ཞིག་གཞིས་ཆགས་ཡོད་ལ། ད་དུང་སྔར་བཞིན་ལོ་ངོ་30ཡི་སྔ་རོལ་ཏུ་བསྐྲུན་པའི་ཁང་རྙིང་དུ་འཚོ་བ་རོལ་བཞིན་གདའ། ཨ་ཕ་ཀའོ་སུང་ཕིང་གིས་ལས་ལ་བརྩོན་པའི་ལག་ཟུང་གིས་སློབ་གྲྭ་ཆེན་མོ་བ་གཉིས་བསྐྱངས་ཤིང་། དྲིན་ཆེན་ཨ་ཕ་ནི་ཁོ་གཉིས་ཀྱི་ཀ་བ་ལྟར་བརྟན་པའི་རྒྱབ་རྟེན་ཡིན།
        ཀའོ་སུང་ཕིང་ནི་ད་ལོར་ལོ་ན་57ལ་ཐོན་ཡོད། གཟུགས་ཅུང་ཐུང་ལ། སྐྱ་ལྷང་ལྷང་གི་ངོ་མདངས་དང་གཉེར་མས་ཁེངས་པའི་ལག་ཟུང་ལ་དཀའ་སྡུག་གི་ལོ་ཟླ་རིས་སུ་ཕབ་ཡོད། དཀའ་ངལ་ཅི་ལྟར་ཆེ་ཡང་བུ་ཕྲུག་སློབ་གྲྭར་མངགས་པ་ཡིན། དབུལ་ཕོངས་ནི་གནས་སྐབས་ཀྱི་ལས་དབང་ཙམ་ཡིན་ལ། ལས་ལ་བརྩོན་ན་དབུལ་བྲལ་ཕྱུག་སྒྱུར་ཡོང་ཁོ་ཐག་ཡིན”ཞེས་བཤད་པ་ལྟར་ཀའོ་སུང་ཕིང་གི་ཡིད་ཆེས་རི་རབ་ལྟར་བརྟན་ཀྱིག་གེར་གནས་པས། བུ་དང་བུ་མོར་འཚོ་བ་དང་མདུན་ལམ་ཐད་འགྱུར་བ་མེད་པའི་སྤྲོ་སྣང་གི་དགེ་བའི་ཕན་ནུས་སྟེར་ཐུབ།
        ཀའོ་སུང་ཕིང་ཚང་ལ་བཟའ་མི་4ཡོད། ཆུང་མར་ནད་མང་བས་ལུས་ཁམས་ཅུང་ཞན། ལྷོ་ནུབ་གློག་རྡུལ་ཚན་རྩལ་སློབ་ཆེན་ལས་མཐར་ཕྱིན་པའི་བུ་ཡིས་ཧུའུ་ནན་དུ་ལས་དོན་གཉེར་བཞིན་ཡོད། ན་ནིང་ལེ་ཧྲན་དགེ་འོས་སློབ་གླིང་ནས་བུ་མོ་མཐར་ཕྱིན་ཏེ། མའོ་རྫོང་ཀྲུང་ཞིང་ཡུལ་ཚོའི་དགེ་རྒན་དུ་རྒྱུགས་འཕྲོད་ཡོད། དབུལ་ཕོངས་ཁྱིམ་ཚང་ཞིག་གིས་སློབ་གྲྭ་ཆེན་མོ་བ་གཉིས་བསྐྱངས་པ་ནི་རྣ་བའི་བདུད་རྩི་ལྟ་བུའི་གཏམ་བཟང་ཞིག་མ་ཡིན་ནམ།

        ལོ་ངོ་བཅུ་ལྷག་གི་སྔ་གཞུག་ཏུ། བུ་དང་བུ་མོའི་སློབ་ཡོན་ལ་སྒོར་ཁྲི་བཅུ་ལྷག་བརླགས་ཡོད། ངེད་ཚང་ལ་དེ་འདྲའི་སྒོར་མོ་མང་བོ་གང་ན་ཡོད། དངུལ་བུན་བླངས་པར་མ་ཟད་ཉེ་འབྲེལ་དང་གྲོགས་པོ་ལས་བསྐྱིས་པའང་མང་། དེ་ལྟར་དཀའ་ཚེགས་རབ་དང་རིམ་པ་བརྒྱུད་རྗེས་བུ་དང་བུ་མོ་སློབ་མཐར་ཕྱིན་ཐུབ་སོང་ལ། ངེད་ཚང་ལའང་སྐྱིད་པའི་ཉི་མ་ཤར་བྱུང་ཞེས་བཤད། ཀའོ་སུང་ཕིང་གིས་ཡོང་སྒོ་མང་དུ་འཕར་ཆེད། རང་ཁྱིམ་ནས་སིལ་ཚོང་ཁང་དང་ཇ་ཁང་། བརྙན་གཏོང་ཁང་སོགས་ཕྱེ་མྱོང་ལ། རི་མགོ་ནས་ཤ་མོང་རྒུམ་པ་དང་སྨན་རྩྭ་ཡང་བརྐོས། དཀའ་ངལ་ཇི་ལྟར་ཆེ་ཡང་ཁོས་བུ་དང་བུ་མོར་སློབ་གྲྭ་ཆེན་མོ་འགྲིམ་པའི་གོམ་པ་ལྷོད་དུ་བཅུག་མ་མྱོང་།

        སྔོན་ཆད་ཞིང་ལས་ལག་རྩལ་བའི་འགན་འཁུར་བའི་ཀའོ་སུང་ཕིང་ལ་མཚོན་ན། འདེབས་འཛུགས་དང་འཚོ་སྐྱོང་ཐད་ཁོ་ལ་རང་གི་ཡུལ་ཐབས་ཤིག་ཡོད། 2011ལོར། ཁོས་རང་ཁྱིམ་གྱི་ཞིང་ཁར་ལི་ཙི་སྡོང་བོ་100ལྷག་བཙུགས། ད་ལོར་འབྲས་བཟང་ཡོངས་སུ་སྨིན་པའི་དུས་སུ་འཁེལ་བས། སྔོན་དཔག་བྱས་ན་སྒོར་སྟོང་ལྷག་གི་ཡོང་སྒོ་ཡོད་སྲིད།
        ཧུན་ཀོའུ་གྲོང་སྡེའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཧྲུན་ཅུན་གྱིས་བཤད་པ་ལྟར་ན། 2014ལོར། སྲིད་གཞུང་གིས་གྲོང་སྡེའི་འཕྲུལ་རྨོ་ལམ་དེ་ཨར་འདམ་ལམ་དུ་བསྒྱུར་བས། དེང་སང་ཞིང་ཞོར་ཐོན་རྫས་ཉོ་བའི་རླངས་འཁོར་གྲོང་སྡེར་ཐོན་ཐུབ་པས། དཔལ་འབྱོར་གོང་ནས་གོང་དུ་སྤེལ་བར་སྐུལ་བའི་ཅོང་བརྡ་ལྟ་བུ་ཡིན།

        ཨར་འདམ་ལམ་སྒོ་ཁར་ཐོན་པས། ངེད་ཚང་གི་ཤིང་ཏོག་དང་སྔོ་ཚལ་ཕྱིར་འཚོང་བར་སེམས་ཁྲལ་མེད”ཅེས་ཀའོ་སུང་ཕིང་ཚང་གིས་བཤད། ས་ཞིང་མུའུ5ལ་སྔོ་ཚལ་བཏབ་པ་ལས། ན་ནིང་སོ་ལོ་སྔོན་པོ་དང་ཚོད་མ་ཨོ་སུན་སོགས་ལ་ཡོང་སྒོ་སྒོར་5000ལྷག་ཡོད།

        ན་ནིང་། ཀའོ་སུང་ཕིང་ཚང་གི་གཡེར་སྡོང་80ལྷག་ལས་གཡེར་སྐམ་རྒྱ་མ་180ལྷག་ཐོན་ཞིང་། རྒྱ་རེས་སྒོར་64རེ་ཁུག་པས་ཡོང་སྒོ་ལ་སྒོར་11000ལྷག་ཡོད། ན་ནིང་། ངེད་ཚང་གིས་ཕག་གཉིས་གསོས་ནས་སྒོར་6000ལྷག་ཁུག་ཡོད། དེའི་ཁར་བུ་ཚ་ཡི་ངལ་ལས་ཡོང་སྒོ་བསྣན་ན། བཟའ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར་ཁྲི་གཅིག་ལྷག་ལ་བསླེབས་ཡོད་པས། དབུལ་བྲལ་དམིགས་འབེན་མངོན་དུ་གྱུར་ཡོད་ཅེས་ཀའོ་སུང་ཕིང་གིས་བཤད། 
        ཧུན་ཀོའུ་གྲོང་སྡེས་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་རིམ་དུ་སྦྲང་མ་གསོ་བཞིན་ཡོད། ཀའོ་སུང་ཕིང་གིས་རང་མོས་སྒོས་སྦྲང་མ་གསོ་སྤེལ་ལག་རྩལ་སྦྱངས་ནས། གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་སྦྲང་ཟོ20གསོ་བའི་འགན་བླངས། སྦྲང་མ་གསོས་པར་ཁེ་ཕན་ཐོབ་རྗེས། ཁོས་ལོ་རེར་ཟོ་གང་རེར་སྦྲང་རྩི་རྒྱ་མ་7རེ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་སྤྲོད་དགོས།
        བུ་ལས་བྱེད་ལ་ཞུགས་པ་དང་། བུ་མོའང་དགེ་རྒན་ཡིན་པས། ད་ལྟ་ངེད་ཚང་དབུལ་ཕོངས་ལས་ ཡོངས་སུ་བྲལ་ཡོད། ཕྱིན་ཆད། ངས་ཞིང་ཁའི་གཡེར་མ་དང་ལི་སྡོང་ལེགས་སྐྱོང་དང་སྦྲང་མ་གསོས་ནས། འབྱོར་འབྲིང་གི་འཚོ་བ་སྔ་མོ་ནས་ལོངས་སུ་སྤྱོད་རྒྱུ་ཡིན”ཞེས་བཤད་པ་ལྟར། ཀའོ་སུང་ཕིང་གི་མ་འོངས་པའི་བདེ་སྐྱིད་འཚོ་བའི་ལམ་ཁར་དྲོད་འཇམ་གྱི་ཉི་འོད་སྤྲོས་ཡོད་དོ།།
             (རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1