༄༅།།བཟའ་འཐོར་གྲོས་མཐུན་ལ་ཚོད་འཛིན་གྱི་ནུས་པ་ལྡན་ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-05


        བཀྲིས་དང་མཚོ་མོ་གཉིས་༢༠༡༢ལོར་ངོ་ཤེས་པ་དང་། དགའ་རོགས་ལོ་གཉིས་ལ་བསྒྲིགས་རྗེས་དམངས་སྲིད་སྡེ་ཁག་ཏུ་ཕྱིན་ཏེ་གཉེན་སྒྲིག་ལག་ཁྱེར་བླངས་ཤིང་དངོས་སུ་ཁྱིམ་གསར་བཙུགས་། དེ་ནས་ཡུན་རིང་མ་འགོར་བར་ཁོང་ཁྱོ་ཤུག་གཉིས་ལ་ཕྲུ་གུ་བུ་གཅིག་སྐྱེས། འོན་ཀྱང་མཐའ་མར་ཕྱོགས་གཉིས་ཀྱི་གཤིས་ཀ་མ་མཐུན་པ་སོགས་ཀྱི་རྒྱུ་མཚན་ལ་གཞིགས་ནས་བཟའ་ཚང་ཁ་བྲལ་བའི་གྲོས་མཐུན་བྱས་ཡོད། གྲོས་མཐུན་གྱི་ནང་དུ། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཁོངས་ནས་སྒོར་ཉིས་འབུམ་མཚོ་མོ་ལ་དབང་ཞིང་། ཁྱིམ་ཚང་གི་ནོར་དོན་དོ་དམ་བྱེད་མཁན་ཡིན་པའི་བཀྲིས་ཀྱིས་བཟའ་འཐོར་གྲོས་མཐུན་ནུས་པ་ཐོན་རྗེས་ཀྱི་ཟླ་བ་གཅིག་ནང་ཚུད་དུ་དངུལ་གྲངས་ཆད་མེད་འཇལ་ཐུབ་པའི་ཁ་དན་བྱས་ཡོད་པ་མ་ཟད། ཁོ་གཉིས་ཐུན་མོང་གིས་ཉོས་པའི་ཁང་པ་ཆ་ཚང་གཅིག་མཚོ་མོར་བདག་པ་དང་། བུ་ནི་མཚོ་མོས་གསོ་རྒྱུ། བཀྲིས་ཀྱིས་བུ་ཆུང་ཁེར་འཚོ་མ་འཕེར་བར་དུ་ཟླ་རིམ་བཞིན་སྒོར་༡༢༠༠རེ་སྤྲོད་རྒྱུ་བཅས་གཏན་འཁེལ་བྱས། གྲོས་མཐུན་ཡི་གེ་འཇོག་ཉིན་དེར་ཁོ་གཉིས་དམངས་སྲིད་སྡེ་ཁག་ཏུ་ཕྱིན་ཏེ་བཟའ་འཐོར་གྱི་འགྲོ་ལུགས་བརྒྱུད་ཡོད་པ་རེད། འོན་ཀྱང་ཟླ་བ་གཅིག་ཐེམས་མཚམས་སུ་བཀྲིས་ནས་མཚོ་མོར་སྒོར་ཉིས་འབུམ་མ་སྤྲད་ཁར། དུས་རིམ་དང་པོའི་གསོ་སྐྱོང་འཚོ་རྟེན་དགོས་ཚུལ་ཐེངས་མང་ལབ་ཀྱང་མ་སྤྲད་སྟབས་མཚོ་མོ་ཁོང་ཁྲོ་ལངས་ནས་དེ་སྔའི་ཁྱོ་ག་བཀྲིས་ཉིད་ཁྲིམས་གཏུག་བྱས་ཏེ། གྱོད་ཡ་བཀྲིས་ཀྱིས་བཟའ་འཐོར་གྲོས་མཐུན་ཡི་གེར་འཁོད་གསལ་ལྟར་སྒོར་ཉིས་འབུམ་གྱོད་བདག་ལ་མྱུར་འཇལ་དགོས་པའི་རེ་འདུན་བཏོན་ཡོད། བཀྲིས་ལ་བཤེར་འབོད་བཀའ་རྒྱ་འབྱོར་འཕྲལ་ཁོ་པས་གྲོས་མཐུན་ཡི་གེ་དེ་ཐོག་མ་ཉིད་ནས་མཚོ་མོས་བཙན་ཤེད་བྱས་ནས་བཞག་པ་ལས་རང་ཉིད་ཀྱི་འདོད་ཚུལ་ངོ་མ་མ་ཡིན་ཕྱིར་རྒྱུ་ནོར་ཡང་བསྐྱར་བགོ་བཤའ་རྒྱག་རོགས་ཞེས་ལན་དུ་ཕུལ་ཡོད་པ་རེད། 
        ཁྲིམས་ཁང་ནས་འདྲི་བརྩད་བྱས་འབྲས།《གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དོན་ཚན་སོ་དགུ་པར་“བཟའ་ཚང་ཁ་བྲལ་སྐབས། ཁྱོ་ཤུག་གཉིས་པོའི་ཐུན་མོང་གི་རྒྱུ་ནོར་དག་ཕྱོགས་གཉིས་ནས་གྲོས་མོལ་ཐོག་ཐག་གཅོད་རྒྱུའི”གཏན་འབེབས་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་《〈གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས〉སྤྱོད་ཕྱོགས་སྐོར་གྱི་གནད་དོན་ཁ་ཤས་ཀྱི་འགྲེལ་བཤད(གཉིས)》ཀྱི་དོན་ཚན་བརྒྱད་པར“བཟའ་འཐོར་གྲོས་མོལ་ནང་གི་རྒྱུ་ནོར་བགོ་བཤའི་དོན་ཚན་ནམ་ཡང་ན་བཟའ་འཐོར་ལ་བརྟེན་ནས་རྒྱུ་ནོར་བགོ་ཐབས་སྐོར་གྱི་གྲོས་མོལ་བཞག་པ་ནི་ཕོ་མོ་གཉིས་ཀར་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་ལྡན་ཡོད”ཅེས་འཁོད་པའི་གཏན་འབེབས་བཅས་གཞིར་བཟུང་ནས། གྱོད་དོན་འདི་གྱོད་ཡ་གྱོད་བདག་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ནས་བཟའ་འཐོར་བྱེད་སྐབས་རྒྱུ་ནོར་བགོ་བཤའ་རྒྱག་ཕྱོགས་ཐད་བསམ་འཆར་གཅིག་མཐུན་བྱུང་བ་མ་ཟད། དེ་བཞིན་དམངས་སྲིད་ཅུད་དུ་བཟའ་འཐོར་ཐོ་བཀོད་ཀྱི་འགྲོ་ལུགས་གཉེར་བ་རེད། གྲོས་མཐུན་ཡི་གེ་དེ་ནི་ཕྱོགས་གཉིས་བཟའ་འཐོར་སྐབས་ཀྱི་རྒྱུ་ནོར་ཐག་གཅོད་བྱེད་སྟངས་ཤིག་ཡིན་པས་ཁྲིམས་མཐུན་ནུས་ཡོད་ཡིན་ཞིང་། དོ་བདག་ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་ཚོད་འཛིན་ནུས་པ་ལྡན་ཕྱིར། གྱོད་ཡས་ཁ་དན་བཞག་པའི་གྲོས་དོན་ལྟར་འོས་འགན་བསྒྲུབ་དགོས། དེ་མིན་གྱོད་ཡས་བཟའ་འཐོར་གྱི་གྲོས་མཐུན་ཡི་གེ་དེ་ནི་མཚོ་མོའི་བཙན་ཤེད་ཀྱི་འོག་ཏུ་བྲིས་པ་ཡིན་ཞེས་བཤད་ཀྱང་། ཁྲིམས་རར་འབྲེལ་ཡོད་དཔང་རྟགས་ཀྱི་ཐོག་ནས་ར་འཕྲོད་བྱུང་མེད་རྐྱེན་དེར་ཡིད་རྟོན་མི་བྱ། དེ་ནས་གྱོད་ཡ་བཀྲིས་ཀྱིས་དཔྱད་ཁྲའི་ནུས་པ་ཐོན་ཉིན་ནས་བརྩིས་པའི་ཉིན་བཅོ་ལྔའི་ནང་ཚུད་དུ་སྤྲོད་ཐེངས་གཅིག་ལ་སྒོར་ཉིས་འབུམ་ཐམ་པ་གྱོད་བདག་མཚོ་མོར་འཇལ་དགོས་ཞེས་ཐག་གཅོད་བྱས་ཡོད་པ་རེད། །
 
ལྷ་མོའི་ཁྲིམས་ལུགས་བཤད་སྟེགས་ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1