གསོ་ཚགས་ལས་རིགས་ཀྱི“ཟོག་རོ་ནོར་བུར”སྒྱུར་པའི་ཐབས་ལམ་གསར་པ་གཏོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 05-08


        ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཀྱི“ལྗང་མདོག་གསར་བརྗེ”ལ་སྐུལ་འདེད་ཤུགས་ཆེན་བཏང་བ་ལས་ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་ཟོག་རོ་གཙང་སེལ་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཐོབ་མོད། འོན་ཏེ་རྒྱལ་ཡོངས་སུ་ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་ཟོག་རོ་གཙང་སེལ་བྱེད་ཚད་50%ཡང་ཟིན་གྱི་མེད་པ་དང་དེ་སྔར་བཞིན་ཞིང་ལས་ཕྱོགས་ཀྱི་སྦགས་བཙོག་འབྱུང་ཁུངས་ཆེ་ཤོས་ཤིག་རེད། ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་ཟོག་རོ་གཙང་སེལ་དང་ཐོན་ཁུངས་ཅན་དུ་སྒྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་ནི་གྲོང་གསེབ་ཀྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་ཡོད་ལ་གྲོང་གསེབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བའང་ཡོད། 
        གད་སྙིགས་ནི་འཇོག་ས་ནོར་བའི་ཐོན་ཁུངས་ཤིག་དང་ཏུན་དུང་ཕྱུར་38ཡོད་པའི་ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་ཟོག་རོ་ནི་མི་མངོན་པར་ལུས་པའི་ཐོན་ཁུངས་ཧ་ཅང་ཆེན་པོ་ཞིག་རེད། ན་ནིང་ལོ་མཇུག་ཏུ་འཚོགས་པའི་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་སྲིད་གཞུང་གིས་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས་བྱེད་པོ། ཁྲོམ་ར་ཅན་གྱི་འཁོར་རྒྱུག་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྫབ་རླངས་དང་སྐྱེ་དངོས་ཀྱི་རང་བྱུང་སོལ་རླངས་གཉིས་ཐག་གཅོད་བྱེད་ཕྱོགས་གཙོ་བོར་བརྩི་དགོས་པ་དང་ས་ཆ་དེ་རང་དང་ཐག་ཉེ་སར་གྲོང་གསེབ་ཀྱི་ནུས་རྒྱུ་དང་ཞིང་སྤྱོད་སྐྱེ་ལྡན་ལུད་གཉིས་བེད་སྤྱོད་བྱེད་ཕྱོགས་གཙོ་བོར་བརྩི་དགོས་ཞེས་བསྟན་པ་ལས་ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་ཟོག་རོ་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་པའི་ཐབས་ལམ་སྔར་བས་གསལ་དུ་སོང་བ་རེད།
        ཕྱུགས་རིགས་དང་བྱ་རིགས་གསོ་སྤེལ་བྱས་པ་ལས་བྱུང་བའི་བེད་མེད་ཟོག་རོ་ཐོན་ཁུངས་ཅན་དུ་སྒྱུར་བའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་ནི་མིག་སྔར་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེན་ཞིག་རེད། དེས་ན་ཞིང་འབྲོག་ཟུང་འབྲེལ་ནས་བྱེད་འགོ་འཛུགས་དགོས་པ་དང་སྲིད་གཞུང་གིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པར་རྟེན་དགོས་ཤིང་། ཞིང་འབྲོག་ཟུང་འབྲེལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་བརྒྱུད་ཕྱོགས་གཅིག་ནས་ཞིང་ཁ་དག་ཕྱུགས་བྱ་གསོ་ཚགས་ར་བའི་བེད་མེད་ཟོག་རོ་བསྡུ་ཉར་གཙང་སེལ་བྱ་ཡུལ་དུ་འགྱུར་བར་བྱེད་དགོས། ཕྱོགས་གཞན་ཞིག་ནས་ནུས་རྒྱུ་ཅན་དུ་འགྱུར་བར་བྱེད་དགོས་ཤིང་། ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་ཟོག་རོ་ལས་སྣོན་གྱིས་རྫབ་རླངས་དང་སྐྱེ་དངོས་ཀྱི་རང་བྱུང་སོལ་རླངས་སམ་ཡང་ན་གློག་ཐོན་པར་བྱས་ནས་གྲོང་གསེབ་ལ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གཙང་མ་མཁོ་འདོན་བྱེད་དགོས།
        དེ་དང་ཆབས་ཅིག་ལག་རྩལ་གསར་པ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། བྱེད་པོ་གསར་པ་དང་། ལས་རྣམ་གསར་པ། ཐོན་ལས་གསར་པ་བཅས་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་ཀྱི་མ་རྩ་གཏོང་ཤུགས་ཆེ་རུ་ཧུར་ཐག་གཏོང་བ། ཕྱུགས་རིགས་དང་བྱ་རིགས་ཀྱི་སྐྱག་གཅིན་སོགས་བེད་མེད་དངོས་རོ་བསྡུ་རུབ་དང་། གསོག་འཇོག སྐྱེལ་འདྲེན། གཙང་སེལ། ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་ཐོན་ལས་འབྲེལ་ཐག་རིང་པོ་ཞིག་ཆགས་པར་བྱེད་པ། ཁྲོམ་རའི་བྱེད་པོ་ཐེ་ཞུགས་ཐད་གཞན་སྐུལ་ནས་རང་འགུལ་དུ་རིམ་བཞིན་འགྱུར་བ་བཅས་བྱས་ཏེ་དངོས་འབྲེལ་དྲང་འབྲེལ་གྱི་དཔལ་འབྱོར་ཕན་འབྲས་ལ་བརྟེན་ནས་ཡུན་རིང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་སྐྱེད་པར་བྱེད་དགོས།
        སྔོ་ཞིང་དྭངས་པའི་རི་ཆུ་དགོས་ལ་གསེར་རི་དངུལ་རིའང་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བསམ་གཞི་དར་སྤེལ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་དགོས། ཕྱུགས་རིགས་དང་བྱ་རིགས་གསོ་ཚགས་བྱས་པ་ལས་བྱུང་བའི་བེད་མེད་ཟོག་རོ་གཙང་སེལ་དང་ཐོན་ཁུངས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས། དམངས་འཚོའི་འདུ་འགོད་དོན་འཁྱོལ་བྱུང་ན་སྣོད་བཅུད་ཀྱི་ཁེ་ཕན་དང་ཕྱོགས་སྒྱུར་གྱི་ཁེ་ཕན་མུ་མཐུད་ཐོན་ནས་མི་སེར་གྱི་ཐོབ་ཚོར་དང་སྐྱིད་ཚོར་ཆེ་རུ་འགྲོ་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1