ཞིང་ཆེན་གསུམ་(ཁུལ)གྱི་ཐུམ་འབུའི་ནད་མཉམ་འགོག་མཉམ་སྡོམ་གྱི་གྲོས་ཚོགས་ཁྲེན་ཏུའུ་ནས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10


        ཉེ་ལམ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་བཅས་ཞིང་ཆེན་གསུམ(ཁུལ)གྱི་ཐུམ་འབུའི་ནད་མཉམ་འགོག་མཉམ་སྡོམ་གྱི་གྲོས་ཚོགས་ཁྲེན་ཏུའུ་ནས་འཚོགས། གྲོས་ཚོགས་སྟེང་ཞིང་ཆེན་གསུམ(ཁུལ)གྱི་མཉམ་འགོག་མཉམ་སྡོམ་ལས་ཀར་གྲོས་ཞིབ་བྱས་ཏེ་མཉམ་འབྲེལ་སྒོས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་ལ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་གོ་ཆང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་།
        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོན་པོས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་ལས་ཀར་མཐོང་ཆེན་བཞིན་ཡོད་དེ། 2015ལོའི་ཟླ་11པར་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་སོགས་སྡེ་ཁག་དང་ཨུ་ལྷན་གྱིས་མཉམ་འབྲེལ་སྒོས་སི་ཁྲོན་སེར་ཤུལ་རྫོང་དུ་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་ལྟའི་ས་ཚུགས་བཙུགས། ལོ་གཅིག་ལྷག་གི་རིང་ལ་སི་ཁྲོན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ནན་ཏན་གྱིས་ཚོད་ལྟ་ས་ཚུགས་ཀྱི་ལས་ཀར་སྐུལ་འདེད་བཏང་སྟེ། གོང་འོག་མཉམ་འགུལ་དང་ཕྱོགས་སོ་སོ་མཉམ་འགུལ་གྱི་ལས་ཀའི་ལམ་ལུགས་བཙུགས་པར་མ་ཟད། ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་བསྡུས་དམ་འཛིན་དང་མི་སྣ་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱས་ཏེ་མི་དང་ཁྱི། སྤྱི་ཚོགས་དང་ཁོར་ཡུག་ལ་དོ་དམ་བྱེད་པར་འཚོལ་ཞིབ་བྱས། ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་དང་བསམ་བློ་འདུ་ཤེས་ཀྱི་བསྒྱུར་བཀོད་གཉིས་ཟུང་འབྲེལ་དང་། དམངས་སེམས་གཅིག་བསྡུ་གཉིས་ཟུང་འབྲེལ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ། དཔལ་འབྱོར་འཕེལ་རྒྱས་གཉིས་ཟུང་འབྲེལ། སྐྱེས་ཁམས་སྲུང་སྐྱོབ་གཉིས་ཟུང་འབྲེལ། དབུལ་སེལ་འགག་སྒྲོལ་གཉིས་ཟུང་འབྲེལ་བཅས་ཀྱི་དམ་འཛིན་གཉིས་དང་དོ་དམ་བཞི། ཟུང་འབྲེལ་དྲུག་གི་སྔོན་འགོག་ཉམས་མྱོང་ཐད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
        དབྱི་ལི་ཡིས་ཐུམ་འབུའི་ནད་ཀྱི་སྔོན་འགོག་ནི་སྤྱི་ཡོངས་རང་བཞིན་ཤིན་ཏུ་ཆེ་བའི་སྤྱི་ཚོགས་ཀྱི་མ་ལག་བཟོ་གྲྭ་ཞིག་ཡིན་ཞིང་། ཐུམ་འབུའི་ནད་སྔོན་འགོག་གི་བྱེད་ཐབས་ལེགས་པོར་ལག་བསྟར་བྱེད་པར་ངེས་པར་དུ་མ་ལག་ལྡན་པའི་ཚན་རིག་གི་ཐབས་ལམ་སྤྱོད་དགོས་པ་དང་། མཉམ་འགོག་མཉམ་སྡོམ་ཤུགས་སྣོན་བྱས་ཏེ་གཅིག་སྡུད་སྒོས་སྔོན་འགོག་གི་གཙོ་གནད་ལས་ཀ་ལེགས་པོར་བསྒྲུབ་དགོས། འགོ་ཁྲིད་ལམ་ལུགས་རྩ་འཛུགས་དང་ལས་ཀའི་སྐུལ་སྤེལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་མཉམ་འགོག་མཉམ་བཅོས་ཀྱི་ཁ་དབུགས་བསྐྲུན་དགོས། དེ་མིན་འབད་པ་ཆེན་པོས་ཐུམ་འབུའི་ནད་སྔོན་འགོག་གི་མཉམ་འགོག་མཉམ་སྡོམ་གྱི་ལས་ཀ་སྤྱིའི་རྣམ་པར་འཆར་འགོད་བྱས་ཏེ་བོད་ཁུལ་གྱི་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་སྔོན་འགོག་ལས་ཀ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1