ས་ཞིང་སྤྱོད་མཁས་ཞེས་པ་ཕྱུག་སྒྱུར་མན་ངག་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-10


        ས་ཞིང་ལ་མུའུ་2 ཙམ་ལས་མེད་ཀྱང་བཟའ་མི་6ཡོད། མི་མང་ལ་ཞིང་ཉུང་བ་དེ་ནི་མའོ་རྫོང་ཡུང་ཧོ་ཡུལ་ཚོའི་ཡུང་ཉིང་སྡེ་བའི་ཧོ་ཡུང་ཚང་དབུལ་ཞིང་ཕོངས་པའི་རྒྱུ་གཙོ་བོ་རེད།
        ཧོ་ཡུང་ན་རེ། ས་འགུལ་བྱུང་རྗེས། ང་ཚོ་རི་མགོ་ནས་ལུང་གཞུང་དུ་གནས་སྤར། ས་ཞིང་རི་མགོར་བསྐྱུར་ཡོད་པས། རི་གཟར་བ་དང་ལམ་ཐག་རིང་བས་རྨོ་ལས་གཏན་ནས་སྟབས་མི་བདེ། ཁྱིམ་གྱི་འགྲོ་སོང་ལ་ཁ་གསབ་རེ་དང་བུ་གཉིས་སློབ་གྲྭ་འགྲིམ་པའི་སློབ་ཡོན་དུ། ཁོའི་བུས་གཞན་ཡུལ་ནས་ལས་གླ་མི་བྱེད་ཀ་མེད་ཡིན། 
        ཞིང་དེ་འདྲ་ཆུང་བས་ས་ཞིང་མཐེ་མོང་ཙམ་ཡང་བདག་གཅེས་ལོས་བྱེད། དེ་མིན་ཕྱོགས་གཞན་ནས་ཀྱང་འབད་དགོས་ཞེས་བཤད། ཞིང་ཚིགས་ཀྱི་མཐའ་རུ་གཡེར་སྡོང་བཙུགས། ཤིང་ཏོག་ལིའི་སྡོང་འོག་ཏུ་སྡོང་གསེབ་སྔོ་ཚལ་བཏབ་ནས། ས་ཞིང་གི་སྤྱོད་ནུས་འདོན་ཅི་ཐུབ་བྱས། དེ་ནི་ཧོ་ཡུང་གི་དབུལ་སྒྲོལ་མན་ངག་རེད།

        ཧོ་ཡུང་ཚང་ལ་ལི་སྡོང་རྐང་300ཡོད་ཅིང་། སྨིན་ཚད་ཆེས་བཟང་དུས་སུ་བསླེབས་ཡོད་པས། ན་ནིང་ཤིང་ཏོག་ལི་བཙོང་ནས་སྒོར16000ཁུག  ཡུང་ཉིང་སྡེ་བའི་ཤིང་ཏོག་ལི་སྨིན་དུས་ཅུང་འཕྱི་ལ། དུས་ཚིགས་ལྡོག་པའི་སིལ་ཏོག་ལ་གཏོགས་པར་མ་ཟད། བྲོ་བ་ཡང་ཧ་ཅང་ཞིམ་པས་བཙོང་ན་རིན་གོང་བཟང་ལ་ཚོང་ཡང་བྲིན།

        ཤིང་ཏོག་ལིའི་སྡོང་བོ་ཆེ་རུ་སྐྱེས་ཏེ། སྡོང་འོག་ཏུ་སྔོ་ཚལ་མ་གཏོགས་མ་རྨོས་ལོ་ཏོག་བཏབ་ན་མི་འཚམས་ཞེས་བཤད། སྡོང་གསེབ་སྔོ་ཚལ་བཏབ་ན་ས་ཞིང་འོས་ཤིང་འཚམས་པར་བེད་ཆོད་པར་མ་ཟད། ཡོང་འབབ་ཀྱང་ཇེ་མང་དུ་འགྲོ། ཧོ་ཡུང་ཚང་གིས་སྔོ་ཚལ་ཞིབ་ཅིང་ཕྲ་བར་བཏབ་པས། སྐྱེ་ཁམས་ཀྱི་ཞིང་ལས་ཐོན་རྫས་ཤིག་ཡིན། ན་ནིང་། ཁོ་ཚང་གིས་བཏབ་པའི་སྲན་མས་སྒོར7000དང་། གླང་རྔས་སྒོར་3700ཁུག་པ་རེད།
        ན་ནིང་། སྲིད་གཞུང་གིས་ཧོ་ཡུང་ཚང་ལ་མི་གཅིག་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟེར་ནས། སྡེ་ལམ་གྱི་གད་སྙིགས་རྒུམ་ནས་སྡེ་ལམ་གཙང་སྦྲ་བྱེད་པ་དེ་ཡིན། ཟླ་རེར་གླ་ཆར་སྒོར་1380རེ་ཡོད། ན་ནིང་། ངས་ཟླ་ལྔ་བ་ནས་སྡེ་ལམ་གཙང་སྦྲ་བྱས་ཏེ་སྒོར་11000 ལྷག་གི་གླ་ཆ་ཐོབ་ཡོད། གཡེར་མ་བཙོང་ནས་སྒོར་5700ཁུག་པ་དང་། སིལ་ཏོག་དང་སྔོ་ཚལ་གྱི་ཡོང་འབབ་དང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་བཅས་བརྩིས་ན། ན་ནིང་། ངེད་ཚང་ལ་སྒོར་ཁྲི་ལྔ་ལྷག་གི་ཡོང་འབབ་ཡོད་པས་དབུལ་བྲལ་གྱི་རེ་འདུན་མངོན་དུ་གྱུར་ཡོད་ཅེས་ཧོ་ཡུང་གིས་དགའ་བའི་འཛུམ་མདངས་རྒྱས་ཏེ་བཤད།

        སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་འབྱོར་ལྡན་པར་འཕེལ་ཆེད། 2013 ལོར་ཡུང་ཉིང་སྡེ་བས་ཆུ་མཆུག་གིས་འབྲུ་རིགས་འཐག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ཀུང་སི་དང་ཆེད་ལས་མཉམ་ལས་ཁང་གི་རྩ་འཛུགས་དང་ཞིང་དུད་བཅས་མཉམ་སྦྲེལ་ལས་ཐབས་ལ་བརྟེན་ནས་མ་རྨོས་ལོ་ཏོག་དང་ནས། བྲ་བོ་བཅས་འདེབས་པའི་རྟེན་གཞི་བསྐྲུན། ཆུ་མཆུག་གིས་ཕྱེ་འཐག་ལས་སྣོན་བཟོ་ལས་སྟོབས་ལྡན་དུ་བསྒྱུར་བ་དང་ཁྱད་ལྡན་མ་རྨོས་ལོ་ཏོག་གི་ཕྱེ་རྩམ་དང་ནས་རྩམ། བྲ་རྩམ་སོགས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་མོ་བྱས། 

        2015ལོར། ངེད་ཚང་གིས་སྒོར་5000མཉམ་ལས་ཁང་ལ་བཞག ལོ་ངོ་གཅིག་ལྷག་རིང་ལ་འཕེལ་རྒྱས་བྱུང་ནས་མཉམ་ལས་ཁང་ལ་གྲུབ་འབྲས་རགས་ཙམ་ཐོབ། ན་ནིང་། ངེད་ཚང་ལ་སྒོར་2000ཀྱི་ཐོབ་ཆ་སྟེར་ཡོད། མཉམ་ལས་ཁང་གིས་ལས་སྣོན་བྱས་པའི་ཁྱད་ལྡན་མ་རྨོས་ལོ་ཏོག་གི་ཕྱེ་རྩམ་ནི་ཡུང་ཉིང་སྡེ་བའི་སྲོལ་རྒྱུན་གྱི་གསེར་ཞུན་མ་རྨོས་ལོ་ཏོག་གི་རིགས་ཡིན་ལ། མུའུ་རེའི་ཐོན་ཚད་རྒྱ་མ་སུམ་བརྒྱ་ནས་བཞི་བརྒྱའི་བར་ཡིན། ད་ལོར། སྡེ་བས་གསེར་ཞུན་མ་རྨོས་ལོ་ཏོག་འདེབས་རྒྱ་ཆེ་རུ་བསྐྱེད་ནས། སྤྱིའི་ཐོན་ཚད་ཇེ་མང་དུ་གཏང་རྒྱུ་རེད། 
        ཡུང་ཉིང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧོ་ཕེ་མིང་གིས་ངོ་སྤྲད་པ་ལྟར་ན། ད་ལོར། མཉམ་ལས་ཁང་གིས་མཆུག་འཐག་འབྲུ་རྩམ་ལ་ཐུམ་རྒྱག་པར་རེམ་པ་དང་དྲ་ཐོག་ཚོང་ལམ་རྒྱ་བསྐྱེད་དེ། རྔ་བའི་སྦྲག་སྲིད་གྲོང་སྡེའི་གློག་རྡུལ་ཚོང་དོན་ལས་སྟེགས་དང་མཉམ་ལས་བྱས་ཏེ། ཡུང་ཉིང་སྡེ་བའི་མཆུག་འཐག་འབྲུ་རྩམ་གྱི་ཁྱད་ལྡན་སྤུས་རྟགས་གཏོད་ནས་མང་ཚོགས་ཕྱུག་སྒྱུར་ཡོང་འཕར་ལ་རོགས་རྒྱུ་ཡིན།། 
            རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1