གཙོ་ངོས།>> སི་ཁྲོན་བོད་ཁུལ།>>རྔ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༡ཉིན།

སྙིང་སྟོབས་ཞུམ་པ་མེད་ན་འབྱོར་ཕྱུག་འོད་སྣེར་འཇུ་བ་སླ།

        ང་ནི་དབང་བོ་སྐྱོན་ཅན་ཡིན་ཡང་བེད་མེད་ཅིག་མིན། ཞེས་མའོ་རྫོང་ཧྥུ་ཧྲུན་གྲོང་རྡལ་ཡུས་ཐིང་གྲོང་སྡེ་རུ། མིག་གཡས་ཞར་ར་དང་རྐང་གཡས་ཞ་བའི་ཆའང་རིགས་ཀྱི་ཕོ་རྒོད་ཅིག་ཡོད་ལ། ཁོ་ནི་ལོ་ན38ལ་སོན་ཡང་ད་རུང་གཉེན་བསྒྲིག་མེད་ལ། ལོ་ན་རྒས་པའི་ཕ་མ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་གདའ། ཡིན་ན་འང་། ཁོས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་སྡུག་རུས། མི་སྒུག་མི་བརྟེན་པ། ལས་ལ་བརྩོན་པའི་ལག་ཟུང་གིས་དབུལ་བྲལ་ཕྱུག་བསྒྱུར་བྱས་འདུག ཁོའི་མིང་ལ་ཀུའུ་ཡུན་ཏུན་ཟེར།
        ལོ་ན16ལ་སོན་དུས། ཀུའུ་ཡུན་ཏུང་ལ་གྲུམ་ནད་ཕོག་ནས་ལོ3རིང་མལ་དུ་ལྷུང་། དེ་ཚང་གིས་སྨན་བསྟེན་ཆེད་གང་ས་གང་ནས་སྒོར་མོ་བསྐྱིས་ནས། སྒོར་ཁྲི་ལྷག་གི་བུ་ལོན་བླངས། སྨན་བཅོས་ཀྱི་འབྲས་བུའང་ལེགས་པོ་མ་བྱུང་བར་མིག་གཡས་ཞར་བས་ཡུན་རིང་དུ་སྨན་བསྟེན་དགོས། རྗེས་སུ། ཁོས་ཁྱིམ་ཚང་གཞན་ཞིག་ལ་ཁང་བ་བསྐྲུན་རོགས་བྱེད་དུས་རྐང་པ་རྨས་ནས་རྐང་གཡས་ཞ་བ་རེད།  

        ཀུའུ་ཡུན་ཏུང་གི་འཚོ་བར་དཀའ་ངལ་དང་བར་ཆད་མང་བོ་བྱུང་རུང་དཔའ་མ་ཞུམ་ལ་ཡིད་མ་ཆད། ཁོས་རྒྱུན་པར་ས་ཞིང་བཏབ་ཅིང་སྒོ་ལུག་འཚོ་སྐྱོང་། ཞོར་ལས་བཅས་ལ་རེམ། དེ་ལྟར་ལས་ལ་བརྩོན་པའི་ལག་ཟུང་གིས་སྒོར་མོ་མང་དུ་བཙལ་ཞིང་ཁྱིམ་ཚང་སྐྱོང་ཞོར་ཕ་མར་གུས་པས་ཞབས་ཞུ་བསྒྲུབས། དབུལ་སྐྱོར་གནད་འཁེལ་ལག་ཏུ་མ་བསྟར་གོང་། ཁོས་དངུལ་བུན་སྒོར་ཁྲི2བསྐྱིས་ནས་ལུག་ར་དང་བྱ་གསོ་ཁང་བསྐྲུན་ཏེ། ལུག20ཉོས་ནས་གསོ་སྤེལ་ལས་རིགས་གོང་དུ་སྤེལ། ཀུའུ་ཡུན་ཏུང་གིས་སྐབས་དེར་ཉམས་མྱོང་མེད་པས་ལུག5ཤི་སོང་། ད་ལྟ་གྲོང་རྡལ་གྱི་ཞིང་ལས་ལག་རྩལ་ལ་མཁས་པའི་མི་སྣས་ཆེད་དུ་གསོ་སྤེལ་ལག་རྩལ་ཁྲིད་སྟོན་བྱས་འོག ལུག་ལ་ཤ་ཤེད་རྒྱས་འདུག་ཅེས་བཤད། ཁོ་ཚང་གི་ཞིང་ནང་དུ་ལི་སོབ་དམར་པོ་བཙུགས་ཡོད་ལ་འབྲས་བུ་སྨིན་རྗེས་དཔལ་འབྱོར་ཡོང་སྒོ་ཡང་ཡོད་ངེས།

        དབུལ་སྐྱོར་གནད་འཁེལ་ལག་ཏུ་བསྟར་རྗེས། ཀུའུ་ཡུན་ཏུང་ནི་ཐོ་འགོད་དབུལ་ཕོངས་ཁྱིམ་ཚང་དུ་བརྩིས་ནས། རོགས་སྐྱོར་སྡེ་ཁག་གིས་ཁོ་ལ་རོགས་སྐྱོར་བྱེད་ཐབས་དང་རྣམ་གྲངས་བཀོད། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་བཟང་བས་ངེད་ཚང་གི་བཟའ་མི3གྱི་མ་མཐའི་འཚོ་གནས་ཐག་བཅད་པ་དང་། གཞི་རྩའི་འཚོ་བ་འགན་བླངས་ཡོད་པས། ང་ཚོའི་ཐོན་ལས་གོང་དུ་འཕེལ་ནས་དབུལ་བྲལ་ཡོང་བར་ཡིད་ཆེས་ཟབ་མོ་ཡོད་ཅེས་བཤད་ཞོར་ཀུའུ་ཡུན་ལུང་གི་གདོང་ནས་འཛུམ་མདངས་ལྷུག་ལྷུག་ཏུ་གྲོལ་བྱུང་།
        ན་ནིང་། རྫོང་ཞིང་ལས་ཕྱུགས་ལས་དང་ཆུ་དོན་ཅུས་ཀྱིས་རྒྱབ་སྐྱོར་འོག ཀུའུ་ཡུན་ཏུང་གིས་དེ་ཕྲུག500ཉོས་ནས་གསོ་སྤེལ་ལས་རིགས་གོང་དུ་སྤེལ། ན་ནིང་། ངེད་ཚང་གིས་དེ་ཕྲུག200ལྷག་བཙོང་ནས་ཡོང་སྒོ་ལ་སྒོར19000ཡོད། ད་ལྟ་ད་དུང་དེ་མོ200ལྷག་ཡོད་ལ། ཉིན་རེར་དེ་སྒོང100ལྷག་བཙའ་ཐུབ་ཅེས་ཀུའུ་ཡུན་ཏུང་གིས་བཤད་ཞོར་ཞིབ་རྩིས་བརྒྱབ་བྱུང་། དེ་སྒོང་རེ་ལ་སྒོར1ལྟར་བརྩིས་ན། རང་གིས་ཟོས་པ་ཕུད། དེ་སྒོང་བཙོང་ན་ཉིན་རེར་ཡོང་སྒོ་སྒོར100ཙམ་ཡོད།
        གྲོང་རྡལ་དུ་ཉིན་གསུམ་རེར་འཚོང་འདུ་ཐེངས་རེ་ཡོད་དེ། ང་ཚོས་ཚོང་ར་ནས་བཙོང་ན། ཚང་མ་ངོ་ཤེས་པས་མི་འགྱངས་བར་བཙོང་ཚར་འགྲོ། ད་དུང་རང་གི་སྒོ་ཁར་ཐོན་ནས་ཉོ་མཁན་ཡང་ཡོད་ཅེས་ཀུའུ་ཡུན་ཏུང་གིས་བཤད། ཨ་ཕ་ཀུའུ་ཆན་ཞུས་ཀྱིས་ཁྱིམ་ལས་རྩག་རྩིག་ལས་རོགས་བྱེད་པ་ལས་གཞན། གཙོ་བོར་དེ་སྒོང་བཙོང་བའི་འགན་ཁུར་ཡོད། 
        ཧྥུ་ཧྲུན་གྲོང་རྡལ་སྲིད་གཞུང་གིས་ད་དུང་ཁོ་ཚང་ལ་མི་གཅིག་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་སྟེར་ནས། སྡེ་ལམ་གཙང་སྦྲ་བྱེད་དུ་བཅུག་ནས་ལོ་རེར་སྒོར7800རེ་ཡོད། ན་ནིང་ངེད་ཚང་གིས་ལ་ཅའོ་བཙོང་བ་དང་བྱ་དེ་གསོས་པ། དེ་ཁར་ངས་ཞོར་ལས་བྱས་ནས་སྒོར་མོ་བསགས་པ་ཡིན། ཁྱོན་སྒོར་ཁྲི3ལྷག་གི་ཡོང་སྒོ་ཡོད་པས། མི་རེར་ཆ་སྙོམས་ཡོང་སྒོ་ལ་སྒོར་ཁྲི་ཙམ་ཡོད་པས་ཡོངས་སུ་དབུལ་བྲལ་བྱུང་ཡོད། ད་ལོར་ངས་དེ་ཕྲུག400ཉོས་ནས་བྱ་དེ་གསོ་རྒྱ་ཆེ་རུ་བསྐྱེད་ཡོད་ལ། ད་དུང་ཕག་ཀྱང་གསོ་རྩིས་ཡོད། ཉིན་བཞིན་འཚོ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་ཡོད་ཅེས་བཤད། ཀུའུ་ཡུན་ཏུང་གི་གྲོགས་པོ་ཞིག་དང་མཉམ་དུ་སྒང་འབུར་མུའུ600ལྷག་སྙོམས་ནས་ཕག་གསོ་ར་བ་སྐྲུན་བཞིན་གདའ། 
        མིག་སྔར་ཕག་ཕྲུག60ལྷག་ཉོས་ཡོད། ཕག་གསོ་ར་བ་སྐྲུན་བཞིན་པའི་སྒང་ཡིན། བསྐྲུན་ཟིན་པའི་ཕག་ཁང་དུ་ཕག་ཕྲུག་དག་ལ་ཤ་ཤེད་རྒྱས་ནས་ཆེ་རུ་སྐྱེ་བཞིན་ཡོད། དེ་ཕྲུག་ཀྱང་འཕེལ་ཚུལ་ཧ་ཅང་བཟང་། ད་ལོར་ལི་སོབ་དམར་པོར་འབྲས་བུ་སྨིན་སྲིད་ལ། སྡོང་འོག་ཏུ་ལ་ཅའོ་དང་པད་ཚལ་སོགས་འདེབས་རྒྱུ་ཡིན་པས། གསོ་སྤེལ་ལས་རིགས་གོང་འཕེལ་ལ་གྲུབ་འབྲས་ཐོག་མ་ཐོབ་ཏེ། ཀུའུ་ཡུན་ཏུང་ཚང་དབུལ་བྲལ་གནད་སྒྲོལ་གྱི་ལམ་དུ་གོམ་སྟབས་བརྟན་པོས་སྐྱོད་བཞིན་གདའ།

                རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས། 

                 (རྔ་བ་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1