རྒྱལ་ཡོངས་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་བསྐྲུན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-11


        སྤྱི་ཚེས་བཅུ་ཉིན་རྒྱལ་ཡོངས་ཀྱི་ལས་ཞུགས་ལས་བསྐྲུན་ལས་དོན་དང་2017ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་བསྐྲུན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཡོད། ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིས་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ལས་ཞུགས་ལས་བསྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གནང་བའི་མཆན་འགོད་གལ་ཆེན་རྒྱུད་བསྒྲགས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལེའུ་ཡན་ཏུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁའེ་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཡོད།
        ཚོགས་འདུའི་ཐོག ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ལས་ཞུགས་སྲིད་ཇུས་ལག་ལེན་གཏིང་ཟབ་བསྟར་དགོས་པ་དང་། ལས་ཞུགས་ལས་བསྐྲུན་གྱི་བྱ་ཐབས་གསར་པ་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་པ། གཙོ་གནད་འབུར་ཐོན་དང་། སྲིད་ཇུས་གནད་ལ་འཕིགས་དགོས་པ། དཔལ་འབྱོར་གོང་འཕེལ་གྱིས་ལས་ཞུགས་རྒྱ་བསྐྱེད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ལས་གཏོད་ལས་བསྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། མཐོ་སློབ་མཐར་ཕྱིན་སློབ་མ་སོགས་གཙོ་གནད་མི་ཚོགས་ལས་ཞུགས་ཐུབ་རྒྱུར་དམ་འཛིན་བྱ་དགོས་པ། ལས་རིགས་ནང་སྦྱོང་བྱས་ནས་ལས་ཞུགས་བྱེད་པའི་ནུས་པ་མཐོ་རུ་གཏོང་དགོས་པ། ལས་ཞུགས་ལས་བསྐྲུན་གྱི་སྤྱི་པའི་ཞབས་ཞུ་ཤུགས་ཆེར་གཏོང་དགོས་པ། འདི་ལོ་སྒོ་ཀུན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་བྱེ་བ་གཅིག་དང་ས་ཡ་གཅིག་ཡན་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྒྱ་ཆ་བཞི་དང་གྲངས་ཆུང་ལྔའི་ནང་ཚུན་དུ་ཚོད་འཛིན་བྱེད་པའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱ་དགོས་པ། ལས་ཞུགས་གནས་བབ་བརྟན་ལྷིང་ཡོང་རྒྱུར་སྒོ་ཀུན་ནས་འགན་སྲུང་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད། 
        ཚོགས་འདུའི་ཐོག མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་བསྐྲུན་ལས་དོན་དེ་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བའི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པས། ས་ཁུལ་ཁག་དང་ཚན་པ་ཁག་དེ་བཞིན་མཐོ་སློབ་ཁག་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དགོས་མཁོར་རང་འགུལ་གྱིས་ཞབས་ཞུ་བསྒྲུབ་ཏེ་ལས་ཞུགས་འཛུབ་ཁྲིད་དང་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ་དང་། ཟུར་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཏེ་སློབ་ཐོན་སློབ་མ་སྔོན་ཐོན་བཟོ་བསྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས། དེང་རབས་ཞབས་ཞུའི་ཐོན་ལས། དེང་རབས་ཞིང་ལས་སོགས་ཁྱབ་ཁོངས་ནང་ལས་ཞུགས་ཐུབ་པའམ་ལས་བསྐྲུན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་དོན་བསྒྲུབ་པར་བསྐྱོད་རྒྱུར་ཡང་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད། 


 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1