གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

སྐལ་ཐུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༢ཉིན།

གསེར་ཐར་རྫོང་མཆོག་གཙང་ཡུལ་ཚོས་དབུལ་ཕོངས་ཀྱི་འབྱུང་རྩ་བཀོག་ཐབས་བྱས།

        ཉེ་ཆར། གསར་འགོད་པས་གསེར་ཐར་རྫོང་མཆོག་གཙང་ཡུལ་ཚོའི་ཡུལ་དངོས་ནས་གནས་ཚུལ་རྒྱུས་ལོན་བྱུང་དོན། མཆོག་གཙང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་མང་ཚོགས་དབུལ་ཐར་འབྱོར་ཕྱུག་ཡོང་མི་ཐུབ་པའི་གཅུ་འགག་ནི་ཤེས་རིག་དང་ལག་རྩལ་གྱིས་མི་འདང་བ་ཡིན་པ་ཤེས་ནས། སློབ་མའི་ཆེད་དུ་ལམ་ཐག་རིང་པོར་རྒྱུག་ཆོག་པ་དང་ཁྱིམ་བདག་གིས་འཁང་ར་གཏོང་བར་ཉན་ཆོག མང་ཚོགས་ཀྱིས་ཁོང་ཁྲོ་བསླངས་པར་བསྲན་ཆོག་གི སློབ་མ་སློབ་ཤོར་བྱ་མི་ཆོག་ཅེས་པའི་ཆོག་པ་གསུམ་དང་མི་ཆོག་པ་གཅིག་གི་ལས་སྒྲུབ་ཁ་འབོད་ལྟར་སློབ་གསོའི་ལས་ཀར་དམ་འཛིན་བྱས་པར་བརྟེན།  མིག་སྔའི་བར་ཡུལ་ཚོ་ཡོངས་ལ་ལས་བྱེད་པ་30ལྷག་དང་སློབ་ཆེན་དང་འབྲིང་རིམ། མཐོ་འབྲིང་བཅས་སུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་སློབ་མ50ལྷག་དང་། ཞིབ་འཇུག་སློབ་མ་གཅིག་བཅས་ཡོད་པ་རེད། ཡུལ་ཚོ་ཡོངས་སུ་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་བཟང་ཞིག་ཆགས་པས་འབྲོག་དམངས་ཀྱི་ལྟ་རྒྱ་དང་ཐོས་རྒྱ། འཚོ་བའི་གོམས་གཤིས། ཐོན་སྐྱེད་བྱེད་སྟངས། དབུལ་ཐར་གྱི་སེམས་ཤུགས་སོགས་ཀྱི་ཐད་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད།
        ཁུལ་ཨུས་གྲོས་བསྡུར་ཆེན་པོ་གསུམ་སྤེལ་བའི་བླང་བྱ་དང་བསྟུན་ནས་མཆོག་གཙང་ཡུལ་ཚོས་ལོ་རེ་བཞིན་གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་ལ་རྒྱ་བོད་སྐད་གཉིས་དང་། སྲིད་ཇུས་རིགས་གཞུང་། ལས་སྒོ། ལས་ཞུགས་སོགས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་རྒྱུན་འཁྱོངས་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་འཇོན་ནུས་ཇེ་ཆེར་བཏང་བ་རེད། ན་ལོར་ཡུལ་ཚོ་ཡོངས་ལ་མཚོན་ན་གཞུང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི་17ཚུད་པ་དང་། མགྲོན་ཁང་དང་བཟའ་བཏུང་ཞབས་ཞུ། འདེབས་འཛུགས་དང་བཟོ་སྐྲུན་བཅས་ཀྱི་ལས་རིགས་སུ་ཞུགས་མཁན་མི་20ལྷག་ཡོད་པ་དང་། ངལ་རྩོལ་རྐྱང་པའི་ཐོབ་ཆ་ཡོང་འབབ་སྒོར་ཁྲི་20ལྷག་རག་ཡོད།
        གྲོས་བསྡུར་ཆེན་པོ་གསུམ་ལ་ཞུགས་རྗེས་ང་རང་གི་བསམ་པར་འགྱུར་ལྡོག་ཆེན་པོ་ཐེབས་པར་མ་ཟད། སློབ་སྦྱོང་བྱས་པར་བརྒྱུད་ནས་སྲིད་ཇུས་སོགས་འབྲེལ་ཡོད་ཤེས་བྱ་མང་པོ་ཤེས་སོང་། དེའི་རྗེས་འབྲོག་དམངས་ལ་དྲིལ་བསྒྲགས་བྱ་རྒྱུ་ཡང་མང་པོ་ཡོད་པར་བརྟེན། མང་ཚོགས་ཀྱིས་གོ་རྒྱུ་ཤེས་རྒྱུ་ཡང་ཇེ་མང་དུ་སོང་བ་རེད། མང་ཚོགས་ཀྱི་ཤེས་རྒྱ་དང་བསམ་རྒྱ་ཇེ་ཆེར་སོང་དུས་སེམས་ཤུགས་དང་སྟོབས་ཤུགས་གཅིག་འདུ་ཡོང་སླ་མོ་འདུག རྒྱུ་སྐྱོར་ལས་རིག་སྐྱོར་གཙོ་ཆེ་ཞེས་པའི་སྐད་ཆ་དེས་ང་ལ་གོ་བ་ཆེན་པོ་ཐེབས་སོང་ཞེས་མཆོག་གཙང་ཡུལ་ཚོ་ལོ་གོ་གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དཔོན་གཉིས་ཀའི་འགན་བཞེས་པའི་དབྱངས་དགས་དེ་ལྟར་བཤད་པ་རེད།
        སང་ལོར་དབུལ་ཞྭ་ཕུད་དགོས་པའི་ལོ་གོ་གྲོང་སྡེར་མཚོན་ན། ད་ལྟ་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་སྔར་ལས་ཇེ་ཡག་སོང་བ་དང་འབྲོག་དམངས་ཀྱི་བསམ་བློར་འཕོ་འགྱུར་མངོན་སུམ་བྱུང་དང་འབྱུང་བཞིན་ཡོད། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མངག་གཏོང་བྱས་པའི་ཧྲུའུ་ཅི་དང་པོ་ལི་ཞའོ་ཐའོ་ཡིས་ལས་ཁུངས་ནས་སྒོར་ཁྲི་30རག་ཐབས་བྱས་ཏེ་ཕྱུགས་གསོ་མཉམ་ལས་ཁང་ཞིག་བཙུགས་པ་དང་། འབྲི་མོ་97ཉོས་ཏེ་དབུལ་ཕོངས་དུད་ཚང་ལ་འགན་གཙང་ལེན་བྱས་ནས་གསོ་རུ་འཇུག་པ་དང་། ལོ་རེར་མར་རྒྱ་མ་7དང་ཆུར་བ་རྒྱ་མ་5ཡར་མཉམ་ལས་ཁང་ལ་སྤྲད་རྗེས་དེ་མིན་གྱི་ཡོང་འབབ་ཕྱུགས་གསོ་དུད་ཚང་ལ་ཐོབ་པ་རེད།
        ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྨི་ཡན་ཧྥུས་ང་ཚོས་དབུལ་ཕོངས་དུད་ཚང་གིས་འགན་ལེན་ནས་གསོས་པའི་ཕྱུགས་ཟོག་ལ་འགྱུར་མེད་ཕྱུགས་ཟོག་ཅེས་མིང་བཏགས་ཡོད། དེ་ནི་གྲོང་སྡེའི་གཏན་འཇགས་རྒྱུ་ནོར་ཡིན་ལ་ཟོག་དེ་ཚོ་ནམ་ཡང་འཆི་རྒྱུ་མེད། དཔེར་ན་དབུལ་ཕོངས་དུད་ཚང་ཞིག་གིས་ཕྱུགས་ཟོག་10གསོས་པ་ཡིན་ན། ལོ་གསུམ་གྱི་གན་རྒྱའི་དུས་ཚོད་ཚང་དུས་མུ་མཐུད་ནས་གསོ་བའི་རེ་བ་ཞུས་ཆོག་ལ་ཡར་མཉམ་ལས་ཁང་ལ་ཡང་སྤྲད་ཆོག ཕྱུགས་ཟོག་གི་མགོ་གྲངས་ནི10ལས་ཉུང་མི་ཆོག་པ་རེད། ཕྱུགས་གཅིག་ལ་མཚོན་ན་ལོ་རེར་བེའུ་རེ་དང་། མར་རྒྱ་མ་15དང་ཆུར་བ་རྒྱ་མ་12ཙམ་བྱུང་ཐུབ། ཡར་མཉམ་ལས་ཁང་ལ་མར་རྒྱ་མ་7དང་ཆུར་བ་རྒྱ་མ་5སྤྲད་རྗེས་ད་དུང་མར་རྒྱ་མ་8དང་ཆུར་བ་རྒྱ་མ་7ལྷག་པ་རེད། དེའི་ཐོག་རྩིད་པ་དང་ལྕི་བ་བཙོང་ནས་ཡོང་འབབ་མི་ཉུང་ཙམ་ཐོབ་པ་དང་། དེ་ནས་སྲིད་ཇུས་ཐད་ཀྱི་ཁ་གསབ་རོགས་དངུལ་བཅས་བསྣན་ན་དབུལ་ཕོངས་དུད་ཚང་གཅིག་གིས་ཕྱུགས་ཟོག་གསུམ་ཡན་གསོས་པ་ཡིན་ན་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ་ཐེ་ཚོམ་མི་དགོས་ཞེས་བཤད་པ་རེད།
ཕྱུགས་གསོ་མཉམ་ལས་ཁང་འཛུགས་པ་ནི་འབྲོག་སྡེ་ཕལ་ཆེར་གྱིས་ཐུན་མོང་ཐོན་ལས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ཅིང་དེ་ནི་འབྲོག་དམངས་ཀྱི་ཡོང་འབབ་རྒྱུན་སྲིང་འཕར་སྣོན་ཡོང་བའི་ཐབས་ལམ་ཤིག་ཀྱང་རེད། ད་ལོར་དབུལ་ཕོངས་དུད་ཚང་ཆོས་སྒྲོན་གྱིས་ཕྱུགས་ཟོག་10གསོས་ཡོད་ཅིང་ད་ལོ་ནས་བཟུང་ཡོང་འབབ་རག་འགོ་ཚུགས་པ་དང་། སང་ལོར་དབུལ་པོའི་ཞྭ་མོ་ཕུད་པ་ནི་བསམ་ཚོད་ཐིག་ངེས་རེད།
        ད་ལྟར་གསེར་ཐར་རྫོང་མཆོག་གཙང་ཡུལ་ཚོས་རིག་སྐྱོར་ལ་བརྟེན་ནས་དབུལ་ཕོངས་ཀྱི་འབྱུང་རྩ་བཀོག་པའི་བྱེད་ཐབས་དེ་རྫོང་ཡོངས་སུ་ཁྱབ་གདལ་བཏང་དང་གཏོང་བཞིན་ཡོད་དོ།། 
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1