༄༅།།ལྷ་སྒང་ཡུལ་གྱི་གཞས་ཀྱི་རྩོམ་རིག་རིན་ཐང་།

ཚེ་རིང་ལྷ་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


ཚེ་རིང་ལྷ་སྒྲོན།


        དུས་རབས་གསར་པའི་ཚན་རྩལ་དང་དཔལ་འབྱོར་གྱི་འཕོ་འགྱུར་རླབས་པོ་ཆེས་བྱིན་གྱིས་བརླབས་པས་རང་རེ་རྣམས་ཀྱང་རྟ་རྒན་དྲིན་ལ་བོང་རྒན་དབུས་སུ་སོང་ཟེར་བའི་ཁ་དཔེ་ལྟར་ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ནར་གང་ལ་གང་འཚམས་ཀྱི་འཕེལ་རྒྱས་ཅུང་ཟད་བྱུང་ཡོད་ཀྱང་། དངོས་པོ་དང་བསམ་པའི་རིག་གནས་ཁོ་ན་གནས་ཤིང་ལྷག་པར་དུ་རིགས་རང་གི་རོ་དྲི་མ་ཡལ་བའི་རིག་གནས་ཀྱི་སྣང་ཚུལ་རིན་ཐང་ཅན་མང་པོ་ཞིག་རྒྱུད་འཛིན་དང་དུས་མཐུན་དར་སྤེལ་གྱིས་ཁེགས་པས་རྐྱེན་བྱས་ཏེ་ད་ཆ་མི་མངོན་པའི་དབྱིངས་སུ་འཐིམས་དང་ཐིམ་བཞིན་པ་དེ་དག་མཐོང་ནས་ཁོ་མོ་ལྟ་བུའི་བློ་དམན་རིག་འཆལ་ཞིག་གི་ལས་སུ་མ་བབས་ནའང་རྗེས་རབས་པའི་ངོས་ནས་རྒྱུད་འཛིན་གྱི་ཁུར་འཆང་བ་ཙམ་དང་སྒོས་སུ་གཞས་རང་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དེ་དག་ངག་བཟོ་བྱེད་མཁན་གྱི་མི་དམངས་རྣམས་ཀྱི་བློ་གྲོས་ཀྱི་རྩལ། དེས་མཚོན་པའི་རྩོམ་རིག་རིན་ཐང་གི་སྐོར་སྔར་སྦྱངས་ཟིན་པའི་རྩོམ་རིག་གཞུང་ལུགས་སྐོར་བེད་སྤྱོད་ནས་ཤེས་ཚོད་ཀྱིས་དཔྱད་བརྗོད་ཅུང་ཟད་རེ་བྱ་ཁུལ་བྱས་པ་ཙམ་མོ། ། སྐབས་སུ་བབས་པ་ནི་ཁམས་ལྷ་སྒང་གི་གཞས་ཀྱི་སྐོར་ཡིན་པས་ཐོག་མར་གཞས་ཞེས་བའི་ཐ་སྙད་དེར་གོ་བ་ཡང་དག་ཅིག་ལེན་པར་བྱེད། གཞས་ནི་རྩོམ་པ་པོའི་རྩོམ་རིག་དང་མི་འདྲ་བར་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་བསྐྲུན་པ་ཞིག་ཡིན་ཡང་། དེས་གཏིང་ཟབ་པའི་བསམ་བློའི་ནང་དོན་ཕུལ་དུ་བྱུང་བའི་སྒྱུ་རྩལ་རྣམ་པར་བརྟེན་ནས་མཚོན་པར་བྱེད་པ་དང་། རྩོམ་རིག་སྤྱི་དང་མཐུན་པ་མ་ཟད་སྒྱུ་རྩལ་མཚོན་ཐབས་དེ་དག་མི་རིགས་རང་གི་སྐད་བརྡའི་འགྲོ་ལུགས་དང་མཐུན་པར་འོས་ཤིང་འཚམས་པ་དང་སྙན་ལ་གནད་དུ་ཁེལ་ཞིང་བརྗོད་བྱའི་དོན་གང་ཡིན་པ་དེ་ཕ་རོལ་བོའི་བློ་ངོར་མ་ལུས་པར་ལེགས་པར་འགོད་ནུས་པའི་སྙན་ངག་གི་ཉམས་འགྱུར་གྱིས་གཏམས་ཡོད། ཚིག་རྒྱན་རིག་པའི་སྒོ་འབྱེད་ལས་རྒྱ་ཆེའི་ངལ་རྩོལ་མི་དམངས་རྣམས་སྙན་ངག་གི་རིག་པའི་གཞུང་ལུགས་ལ་སྦྱང་མ་མྱོང་ཡང་ཉམས་འགྱུར་ལྡན་ཞིང་ཚིག་སྦྱོར་ཡིད་འཕྲོག་པའི་གླུ་གཞས་མང་པོ་རྩོམ་ཤེས་ཞེས་གསུངས་པ་ལྟར་གཞས་ཀྱི་ཕུན་སུམ་ཚོགས་པའི་སྒྱུ་རྩལ་ཉམས་འགྱུར་གྱིས་མི་རྣམས་ལ་བརྗོད་དུ་མེད་པའི་མཛེས་ཚོར་ཞིག་སྟེར་ཞིང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་དམ་སེམས་ཀྱི་ཟས་སུ་གྱུར་ཡོད། གཞས་ནི་ལྷ་སྒྲུང་སོགས་དང་མི་འདྲ་བར་ངེས་ཅན་གྱི་ལུས་དང་རྒྱན། སྲོག་བཅས་ཡོད་པ་གཤམ་དུ་དཔྱད་རྒྱུར།
གཅིག གཞས་ཀྱི་ལུས།
        གཞས་ཀྱི་ལུས་ནི་བརྗོད་འདོད་ཀྱི་དོན་གང་ཡིན་པ་དེ་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་བ་ལ་ཟེར་ཞིང་གཞས་མང་ཆེ་བ་ནི་བཅད་མའི་རྣམ་པ་ཅན་གྱི་རྩོམ་སྟངས་ཡིན་ཏེ་ཤོ་ལོ་ཀའི་གྲངས་ལའང་ངེས་པ་མེད་པར་བརྗོད་བྱའི་དོན་ལྟར་མང་ཉུང་ཅི་རིགས་སྣང་ཞིང་སྤྱི་ཁྱབ་ནས་བཅད་མ་དང་ལྷུག་པ་གཉིས་སུ་འདུ་ལ་བཅད་མ་ལའང་བརྗོད་བྱ་དང་དབུགས་ཀྱི་གཅོད་མཚམས་ཀྱི་དབང་གིས་ཚེག་བར་དོ་མཉམ་མི་མཉམ་གང་རུང་ཡོད་པས་བབ་ཆགས་ཤིང་རང་དབང་ལྡན་པ་དཔེར་ན། བྲོ་གཞས“ཨོ་ཨ་ཧོ་ཡ། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ།། དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ།། བག་བྲོ་གཟི་བྱིན་ཐེབས་སེ་བྱོན་ནས།། གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག ། ཕོ་རྒྱུད་དཔའ་བོའི་བྱིན་ཆེན་ཕོབ་ཤོག ། ཨ་ཧོ་ཡ། བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད།། ངས་ནི་མི་བརྗེད་གསོལ་བ་འདེབས་སོ།། ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས།། རྐང་བའི་བྲོ་དང་ལག་པའི་གར་སྟབས།། བག་གི་གདུང་དབྱངས་ལྷང་ལྷང་སྒྲོག་ན།། མཁྱེན་པའི་ཉི་མ་གསལ་བའི་ལྷ་སྲས།། བརྩེ་བའི་ཟླ་བ་རྒྱས་བའི་མི་རྗེ།། བྱིན་རླབས་གློག་ལྟར་མྱུར་བའི་སེང་ཆེན།། སྐུ་རྗེ་དོན་འགྲུབ་ཝེར་མ་དཀར་པོ།། འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག ། སྙན་པའི་གསུངས་དབྱངས་སྒྲོག་ལ་བྱོན་ཤོག ། དགྱེས་བའི་ཐུགས་རྗེ་དགོངས་ལ་བྱོན་ཤོག ། བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག ། ཕྲིན་ལས་བྱིན་ཆེན་ཕོབས་ལ་བྱོན་ཤོག ། …… ཨེ་མ་ཧོ། ཨེ་མ་ཧོ། གནས་འདི་མཁའ་སྤྱོད་མཐོང་བ་ཀུན་སྨོན།། འདིར་ཚོགས་དཔའ་ཐུལ་དང་སྨན་རིག་འཛིན།། མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་ནས།། བདེན་ཚིག་འགྲུབ་པའི་བཀྲ་ཤིས་ཤོག་ཅིག ། ཨེ་མ་ཧོ ཨེ་མ་ཧོ”ཞེས་དང་། ངལ་རྩོལ་གྱི་གཞས“དགོ དགོ དགོ གཡང་ལྷ་མ། དགོ དགོ དགོ གཡང་ཟོག་མ། གཡང་ཛམྦྷ་ལྷ་ཡིས་སྲུང་རྒྱུ་མ”དང་། ཆང་གཞས“སྐྱེམས་ཆང་བདུད་རྩི་འདི།། ལྷ་ཡི་བཏུང་བ་ཡིན།། བག་བྲོ་གཟི་བྱིན་རྒྱས།། བདེ་སྐྱིད་ཕུན་ཚོགས།། མཆོད་ཡ་བཞེས་ཡ། དང་པོ་ལྷ་ལ་མཆོད་ཅིག་ཕུལ།། གཉིས་པ་ཕ་མར་མཆོད་ཅིག་ཕུལ།། གསུམ་པ་ན་ཟླ་མཆོད་ཅིག་ཕུལ།། དེ་ནས་ང་ཚོས་མཉམ་དུ་འཐུང།། འདི་རུ་འཛོམས་པའི་གྲོགས་པོ་ཚོར།། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།” ལ་གཞས“གཞས་དང་ལས་ཀ་འགྲིག་ན།། དཀའ་ལས་ཁག་རྒྱུ་མི་འདུག ། ང་དང་ཆུང་འདྲིས་འགྲིག་ན།། ཉི་མ་འགྲོ་བར་མི་ཚོར།” ཞེས་སོགས་རྗོད་བྱེད་ཀྱི་ཚིག་སྙན་ཞིང་མི་རིགས་སྐད་ཆ་རྣལ་པའི་རོ་བྲོ་ལྡན་པ་མ་ཟད་བརྗོད་བྱའི་དོན་དེ་གསོན་ཉམས་དོད་པོར་བཞེངས་བསྐྲུན་བྱས་ནས་མི་རྣམས་ལ་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རྩོལ་ཐུབ་པ་དེས་ཀྱང་རང་རེའི་རྩོམ་སྟེགས་སུ་སྔར་བས་ཀྱང་མཛེས་སྡུག་ལྷག་མ་ཞིག་བསྣན་ཡོད་དོ།།
གཉིས། གཞས་ཀྱི་རྒྱན།
        གཞས་དེ་དག་ལ་བརྗོད་བྱའི་ནང་དོན་ངོ་མཚར་ཞིང་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་ཁར་གོ་དཀའ་བའི་བརྡ་རྙིང་དང་མངོན་བརྗོད་མང་པོ་འདྲེས་མེད་ལ། ཁྱད་པར་དུ་བོད་མི་རིགས་ཀྱི་སེམས་ཁམས་དང་འཚོ་བའི་གོམས་གཤིས། སྐད་ཆའི་ཁྱད་ཆོས་སོགས་དང་མཐུན་པའི་ཚིག་རྒྱན་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྒྱན་སྣ་ཚོགས་ཀྱིས་རྒྱན་ཡོད་པས་རྩོམ་པ་པོའི་རྩོམ་རིག་གཞན་དང་མི་མཚུངས་བའི་ཚིག་རྒྱན་གྱི་ཁྱད་ཆོས་ཕུལ་དུ་བྱུང་བ་ལྡན། དེའང་མདོར་བསྡུས་ན་རྒྱན་རིགས་མི་འདྲ་བ་གཉིས་སུ་བསྡུས་ཆོག་སྟེ། གཅིག་ནི་གླིང་སྒྲུང་ལས་རྒྱུན་པར་འབྱུང་བ་ལྟར་གྱི་རྒྱན་མེ་ལོང་མ་ལས་དངོས་སུ་མ་བསྟན་པའི་རྒྱན་དང་ཅིག་ཤོས་ནི་མེ་ལོང་མའི་རྒྱན་ནོ། དང་པོ་མི་རང་གིས་བརྗོད་པར་འདོད་པའི་དངོས་པོ་དེའི་ཁྱད་ཆོས་དང་ཡོན་ཏན་བརྗོད་ཚེ། ཚིག་གི་སྦྱོར་བ་འདྲ་བ་དང་ནང་དོན་ཆིག་རྐྱང་ཡིན་པའི་ཚིག་གི་ཕྲེང་བ་དབུགས་ཐེངས་གཅིག་གིས་འཕྲོ་རིམ་འཕྲོར་བསྟར་ནས་ནན་ཏན་དུ་བརྗོད་པའི་ཚིག་རྒྱན། དཔེར་ན།“མི་རིགས་མི་སྣ་མ་འཛོམས།། མི་རིགས་མི་སྣ་འཛོམས་ཡོད།། མི་རིགས་མི་སྣ་འཛོམས་ས།། ལྷ་སའི་ཇོ་ཁང་ཁྲ་མོ།། ཇོ་བོ་འདི་ཡིས་བཀའ་དྲིན།། མི་རིགས་མི་སྣ་འཛོམས་བྱུང་།། ཤིང་རིགས་ཤིང་སྣ་མ་འཛོམས།། ཤིང་རིགས་ཤིང་སྣ་འཛོམས་ཡོད།། ཤིང་རིགས་ཤིང་སྣ་འཛོམས་ས།། ལྷ་སའི་བསང་ཁང་ཁྲ་མོ།། བསང་ཁང་འདི་ཡིས་བཀའ་དྲིན།།ཤིང་རིགས་ཤིང་སྣ་འཛོམས་བྱུང་།། ཆུ་རིགས་ཆུ་སྣ་མ་འཛོམས།། ཆུ་རིགས་ཆུ་སྣ་འཛོམས་ཡོད།། ཆུ་རིགས་ཆུ་སྣ་འཛོམས་ས།། ལྷ་སའི་དངུལ་གསར་བུམ་པ།། ཆུ་རིགས་ཆུ་སྣ་འཛོམས་བྱུང་།།” ཞེས་པ་དང་། གྲངས་དང་འབྲེལ་བའི་རྒྱན་གྱིས་མཛེས་བར་སྤྲས་པ་ལ་དཔེར་ན།“གསེར་གྱི་བུམ་པ་རྡུང་འཛུགས་ཡག་དང་གཅིག ། གོས་ཆེན་དམར་པོའི་བུམ་ཁེབ་ཡག་དང་གཉིས།། རྨ་བྱའི་སྒྲོ་མདོངས་ཁ་བརྒྱན་ཡག་དང་གསུམ།། འཛོམས་ས་ཡག་མོ་བླ་མའི་ཕྱག་ལ་འཛོམས།། ལུག་ཆུང་ཚ་རུ་གོས་འཛུགས་ཡག་དང་གཅིག ། གོས་ཆེན་ནམ་མཁའ་རྒྱབ་ཤད་ཡག་དང་གཉིས།། ཆུ་སྲམ་པགས་པ་མཐའ་ཁྱོན་ཡག་དང་གསུམ།། འཛོམས་པ་ཡག་མོ་དཔོན་ལུའི་ལུས་ལ་འཛོམས།།”ཞེས་ཤོ་ལོ་ཀ་རེའི་ཚིག་རྐང་སྔོན་མ་གསུམ་གྱི་མཐར་གཅིག་ནས་གསུམ་བར་གྱི་གྲངས་ཀ་བཀོད་པ་དེས་ཁ་ནས་བརྗོད་བདེ་ཞིང་འཛིན་སླ་བར་བྱས་བཏང་ཡོད་ཅིང་གལ་ཏེ་དེ་ལྟར་དུ་གྲངས་ཀ་མ་སྦྱར་ན་དེ་ལྟ་བུའི་སྒྱུ་རྩལ་གྱི་ནུས་པ་ཞིག་མེད་པས་གཞས་ཀྱི་ནང་དུ་དོན་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པ་དང་རྣམ་གྲངས་སོ་སོར་འབྱེད་པ་ལ་སོགས་པའི་སྐབས་སུ་རྟག་ཏུ་གྲངས་ཀ་སྦྱར་ཡོད།། འདི་དག་ནི་བོད་མི་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བ་ཁོ་ན་ཡིན་པར་འདོད། གཉིས་པ་ཐུན་མོང་གི་རྒྱན་ཏེ་མེ་ལོང་མའི་རྗེས་སུ་མཐུན་པའི་རྒྱན་གྱིས་སྤྲས་པ་ལ་དཔེར་ན།“རྒྱ་བྱུར་དམར་པོ་སྐེ་རྒྱན་ཡག་དང་གཅིག ། རྒྱ་ནག་དུང་སྐུད་རྒྱུན་ལུང་ཡག་དང་གཉིས།། རྒྱ་གཡུ་གྲོ་དཀར་རྒྱན་ཆ་ཡག་དང་གསུམ།། འཛོམས་ས་ཡག་མོ་ཕ་མའི་ལུས་ལ་འཛོམས།།” ཞེས་རྐང་བ་སོ་སོའི་ཐོག་མ་ན་རྒྱ་ཞེས་སྦྱར་ཡོད་པས་ཚིག་སྐང་ཐོག་མར་ཡོད་པའི་བར་ཆོད་པའི་ཟུང་ལྡན་དང་། ཡང“སྟོང་ཉིད་ལྷ་མོ་ཆོས་ཀྱི་མཚོ་མོ།། མ་ཚོགས་མཁའ་འགྲོའི་འཁོར་དང་བཅས་ཏེ།། བག་བྲོ་གཟི་བྱིན་ཐེབས་སེ་བྱོན་ཤོག །གཡོན་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག ། མོ་རྒྱུད་མཛེས་བའི་བྱིན་ཆེན་ཕོབས་ཤིག ། ཨ་ཧོ་ཡ ཨ་ཧོ་ཡ བུ་མོའི་ཨ་མ་བརྗེད་པ་མི་སྲིད།། ངས་ནི་མི་བརྗེད་གསོལ་བ་འདེབས་སོ།། དགྱེས་ཡུམ་བཀྲ་ཤིས་གསང་བའི་ལྷ་མོ།། འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག ། སྙན་པའི་གསུང་དབྱངས་སྒྲོག་ལ་བྱོན་ཤོག ། ” ཞེས་རང་གི་མངོན་པར་འདོད་པའི་དོན་དེ་བསྲུང་བའམ་བདེ་བླག་ཏུ་འགྲུབ་དང་བར་ཆད་སོགས་མི་འབྱུང་བའི་ཕྱིར་སྨོན་པ་འམ་ལྷག་པའི་ལྷ་སོགས་ལ་ཤིས་པ་བརྗོད་པ་སྟེ་ཤེས་བརྗོད་ཀྱི་རྒྱན་དང་། དེ་བཞིན་རང་བཞིན་བརྗོད་པའི་རྒྱན་དང་གཟུགས་རྒྱན། དཔེ་རྒྱན་སོགས་ཀྱི་མེ་ལོང་མའི་རྒྱན་བགྲང་གིས་མི་ལང་བ་མང་པོ་ཡོད་པ་སོགས་གཞས་ཀྱི་རྒྱན་ལའང་ཐུན་མོང་ཐུན་མིན་གྱི་བྱེ་བྲག་ཕུན་སུམ་ཚོགས་པ་ཞིག་ཡོད་དོ།།
གསུམ། གཞས་ཀྱི་སྲོག
        རྩོམ་རིག་གི་སྲོག་གི་ཐད་ལ་གནའ་དེང་ཕྱི་ནང་གི་མཁས་པ་ཚོར་བཞེད་པ་མི་མཐུན་པ་མང་བོ་ཡོད་ལ་ལུས་ལ་ཚིག་དོན་གཉིས་སུ་འབྱེད་པ་ལས་སྲོག་ཅེས་བའི་ཐ་སྙད་གཏན་ནས་མི་འདོད་ལ། སྨོན་འགྲོ་ལོ་ཙཱ་བ་དང་ཀུན་གཟིགས་ལྔ་པ་སོགས་ཀྱིས་མེ་ལོང་མའི་རྩ་བར་ལུས་དང་རྒྱན་ཡང་རབ་ཏུ་བསྟན་ཞེས་བའི་ཤུགས་ལ་སྲོག་བསྟན་པར་བཞེད་པ་དེ་ལྟར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པས་སྔོན་བྱུང་གཏམ་དང་སྡེ་བཞི་ལ་སོགས་པ། བརྗོད་བྱའི་དོན་ནི་སྲོག་ཡིན་ཞེས་གསུང་བ་བཞིན་སྔོན་བྱུང་གི་གཏམ་སྐྱེས་རབས་སམ་རིག་བྱེད་ཀྱི་གཏམ་སོགས་དང་ཆོས་ནོར་ཐར་འདོད་དེ་སྡེ་བཞི་ལ་སོགས་པའི་སྙན་ངག་གི་བརྗོད་བྱའི་དོན་ལ་སྲོག་ཟེར། ཀོ་ཨར་ཅིས་བརྗོད་བྱའི་སྲོག་ནི་རྩོམ་པ་པོའི་ལག་ལེན་ནང་བྱུང་ཞིང་འཚོ་བ་དངོས་ཀྱིས་ཁོ་ལ་ལྐོག་བརྡ་སྤྲད་པ་ལས་བྱུང་བའི་བསམ་བློ་ཞིག་གོ་ཞེས་བ་གསུངས་བ་སོགས་ཀྱི་སྲོག་ལ་ངོས་འཛིན་ཚུལ་མི་འདྲ་བ་ཡོད་ཀྱང་ངས་ནི་རང་རེའི་མཁས་པ་རྣམས་ཀྱི་བཞེད་པ་ལྟར་འཇོག་རྒྱུ་ཡིན་ལ་རྒྱུ་མཚན་ནི་རྩོམ་རིག་གི་སྲོག་ཀྱང་མིའི་སྲོག་དང་འདྲ་བར་འདི་ཡིན་དེ་མིན་གྱི་དབྱེ་བ་མེད་པར་སྲོག་ནི་མིའི་ལུས་པོ་ཡོངས་ལ་ཁྱབ་པ་ལྟར་རྩོམ་གྱི་མགོ་འཇུག་བར་གསུམ་ཀུན་ཏུ་ཁྱབ་ཡོད་པས། བརྗོད་བྱའི་དོན་དང་འདྲ་བར་ཚིག་འབྲུ་རེ་རེ་ན་གནས་བའི་དོན་གྱི་བྱེ་བྲག་མང་པོ་འདུས་པའི་ཕུང་པོ་ཞིག་ཡིན། དེ་བས་གཞས་མི་གཅིག་པ་སོ་སོར་སྲོག་ཐ་དད་པ་རེ་ཡོད་ཅིང་གཞས་ཀྱི་རིགས་མི་གཅིག་པ་སོ་སོར་ཀྱང་སྲོག་སོ་སོ་བ་རེ་ཡོད་པ་ཡིན། དཔེར་ན་ཆང་གཞས་ལ་ཆང་ལས་བྱུང་བའི་ནང་དོན་ཆེ་ཆུང་ཕྲ་རགས་མང་པོ་ཞིག་ཡོད་པ་དེའི་སྲོག་དང་བྲོ་གཞས་ལ་བཀྲ་ཤིས་གཡང་འགུགས་སོགས་གཙོ་བྱས་པའི་བརྗོད་བྱ་ཕུན་སུམ་ཚོགས་པ་ཞིག་ཡོད་པས་ཆང་གཞས་ལས་ཡན་གར་དུ་ཡོད་པ་དེ་དེའི་སྲོག་ཡིན་པ་སོགས་མིའི་སྲོག་ལྟར་སྤྱི་ཚོགས་མི་འདྲ་བའི་ལོ་རྒྱུས་ཀྱི་དུས་རིམ་རིང་མོ་བརྒྱུད་ནས་གྲ་ཆག་གྲུ་ཉམས་སུ་མ་སོང་བར། དུས་ད་ལྟའང་ང་ཚོས་འཚོ་བའི་གྲ་ཟུར་ན་གསོན་སྟོབས་ཀྱིས་འགྱིང་ཐུབ་ཡོད་པ་འདི་ནི་གཞས་ཀྱི་བརྗོད་བྱའི་དོན་ནམ་མིའི་སྲོག་དང་ཆ་མཚུངས་བའི་སྲོག་དེའི་རྒྱུ་བ་མ་འགགས་བའི་དན་རྟགས་ཡིན་པ་སུས་ཀྱང་སྨྱོན་དུ་མེད་པས་ངས་འདི་ལ་གཞས་ཀྱི་སྲོག་ཞེས་བརྗོད་པ་ཡིན་ནོ།།
        སྔར་ནས་ལྷ་སྒང་གི་གཞས་དེར་གཞིར་བཞག་ནས་རྩོམ་རིག་གཞུང་ལུགས་ལག་ཆ་བྱས་ཏེ་གཞས་འདི་ལ་དཔྱད་པ་ཞིག་འབྲི་འདུན་སྐྱེས་ཡོད་ནའང་དེ་འབྲི་བའི་རྣམ་དཔྱོད་དབེན་པས་ད་ཐེངས་ཀྱང་གོང་དུ་བརྗོད་པ་དེ་ཙམ་ལས་གཞས་ཀྱི་དབྱེ་བ་དང་དབྱངས་རྟ། བྲོ་ཡི་སྟངས་སྟབས་སོགས་འབྲི་བའི་སྤོབས་པ་མེད་སོང་ལ། གལ་ཏེ་དབྱངས་དང་བྲོ་ཡི་ཤེས་བྱ་དང་དེ་ལ་སྦྱངས་བ་གནང་མཁན་ཞིག་ཡིན་ཚེ་དེར་དཔྱད་རིན་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པ་བསྙོན་དུ་མེད། འདི་ནི་རང་རེ་རྣམས་ཀྱི་དམངས་སྲོལ་སོགས་ཀྱི་རིག་གནས་ཞིབ་འཇུག་དང་དཔྱད་འཇོག་གི་སྟོང་ཆ་ཞིག་ཀྱང་རེད་འདུག སྤྱི་ཚོགས་ཀྱི་ཆ་ཤས་སུ་གྲུབ་རྐྱེན་གཙོ་བོ་རུ་གྱུར་བའི་མི་ནི་འཚོ་བའི་སྤྱི་འདུས་ཀྱི་ཕུང་པོ་ཞིག་ཡིན་པས་དེ་བསྐྲུན་པའི་རིག་གནས་ལའང་ཕྱོགས་སོ་སོའི་ཆ་ནས་དཔྱད་པར་ཞུགས་ཚེ་དོན་དམ་གྱི་དཔྱད་པའི་གོ་བ་ཆོད་པ་ལས་ཟུར་ཕྱོགས་རེ་བ་ཙམ་ཀྱི་དཔྱད་པ་ནི་དེ་འདྲའི་ཚུགས་ཐུབ་པ་ཞིག་ག་ལ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1