དཀར་མཛེས་ཁུལ་གྱིས་གེ་སར་རིག་གནས་དང་བོད་ཡིག་འབྲི་རྩལ་གྱི་བགྲོ་གླེང་ཚོགས་འདུ་འཚོགས།

ཡེ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-16


        སྤྱི་ཟླ5པའི་ཚེས14ཉིན། དཀར་མཛེས་ཁུལ་གྱིས་གེ་སར་རིག་གནས་དང་བོད་ཡིག་འབྲི་རྩལ་གྱི་བགྲོ་གླེང་ཚོགས་འདུ་དེ་ཁམས་པའི་རིག་ཚལ་ཚོམས་ཆེན་དུ་འཚོགས་པ་རེད། 

        བགྲོ་གླེང་ཚོགས་འདུ་རུ་དང་ཐོག་སྤྱི་ཟླ4པའི་ཚེས30ཉིན་ནི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་གཏན་འཁེལ་བྱས་པའི་སྙིང་དོན་སློབ་སྦྱོང་བྱས་པ་དང་། མཁས་གྲུབ་ནོར་བུ་དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཉི་མ་དཔལ་ལྡན་དྲུང་ཡིག་ཆེན་པོ་གཞོན་པར་འདེམས་བསྐོ་བྱས་པ་རེད། 

        རང་ཁུལ་གྱི་ལས་ཁུངས་སོ་སོ་ནས་འོངས་པའི་གེ་སར་རིག་གནས་ཀྱི་ཆེད་རམས་པ་དང་བོད་ཀྱི་ཡིག་གཟུགས་འབྲི་རྩལ་མཁས་ཅན20བགྲོ་གླེང་ཚོགས་འདུའི་ནང་ལྷན་འཛོམས་བྱས་ཏེ་ཐུན་མོང་དུ་གེ་སར་རིག་གནས་དང་བོད་ཀྱི་ཡིག་གཟུགས་འབྲི་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་གཞི་འདི་རྒྱུད་འཛིན་དང་འཕེལ་རྒྱས། སྲུང་སྐྱོང་བྱེད་སྟངས་སྐོར་བསམ་འཆར་བརྗེ་རེས་དང་གྲོས་བསྡུར་བྱས་པ་རེད།

        བོད་ཀྱི་ཡིག་གཟུགས་འབྲི་རྩལ་སྐོར་བགྲོ་གླེང་བྱེད་སྐབས། ཡིག་གཟུགས་མཁས་ཅན་ཚོས་ཉར་ཚགས་བྱས་པའི་ཡིག་གཟུགས་བརྩམས་ཆོས་དང་རང་ཉིད་ཀྱིས་སྔོན་ཆད་བྲིས་པའི་ཡིག་གཟུགས་བརྩམས་ཆོས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱས་པ་དང་། རང་ཉིད་ལ་ཆེས་བྱང་ཆ་ཡོད་པའི་ཡིག་གཟུགས་འབྲི་སྟངས་ལ་གཞིགས་ནས་ཕན་ཚུན་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱས་པ་དང་ཆབས་ཅིག  ཚང་མའི་མཐོང་ཐོས་མྱོང་གསུམ་ལ་གཞིགས་ནས་གྲོས་འགོ་དང་ལྟ་ཚུལ། རེ་འདུན་བཅས་བཏོན་པ་རེད། གེ་སར་རིག་གནས་སྐོར་བགྲོ་གླེང་བྱེད་སྐབས། གེ་སར་རིག་གནས་ཀྱི་ཆེད་རམས་པ་ཚོས་མུ་མཐུད་ནས་འབད་བརྩོན་བྱས་ཏེ་ཐུན་མོང་དུ་གེ་སར་རིག་གནས་འཛམ་གླིང་ལ་བསྟན་ནས་འཛམ་གླིང་གི་མི་ཚང་མས་གེ་སར་རྟོགས་བརྗོད་རིང་པོར་དོ་སྣང་བྱེད་པ་དང་། མིག་སྔར་གེ་སར་སྐོར་གྱི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་ཐར་ཐོར་དེ་དག་ཆ་ཚང་ལ་བརྒྱུད་རིམ་ཡོད་པའི་སྒོ་ནས་བརྙན་འཕྲིན་ལེ་ཚན་རིང་པོ་བརྙན་ཕབ་བྱ་རྒྱུར་བརྩོན་ལེན་བྱ་དགོས་ཞེས་བགྲོ་གླེང་བྱས་པ་དང་། དེ་བཞིན་དུ་ཆེད་རམས་པ་ཚོས་བོད་ཀྱི་ཡིག་གཟུགས་དང་གེ་སར་རིག་གནས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་དེ་དག་གང་འདྲ་བྱ་སྟེ་རྒྱུད་འཛིན་དང་སྲུང་སྐྱོང་བྱས་པའི་རྨང་གཞིའི་ཐོག   ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་ཐབས་ཅི་ཡོད་ཀྱིས་གཟུགས་མེད་རིག་གནས་ཤུལ་བཞག་འདི་དག་གི་ཚོང་ལས་རིན་ཐང་སྔོག་འདོན་བྱས་ཏེ་དཔལ་འབྱོར་རིན་ཐང་དུ་སྒྱུར་གང་ཐུབ་བྱ་རྒྱུ་དང་། གེ་སར་གྱི་རྗེས་ཤུལ་དང་ཟུང་འབྲེལ་བྱས་ཏེ་མཚོན་རྟགས་རང་བཞིན་གྱི་ཡུལ་སྐོར་ཐོན་རྫས་གསར་སྦོལ་བྱས་པར་བརྟེན། ས་གནས་དེ་གའི་མི་སེར་ཚོས་གེ་སར་རིག་གནས་ལས་ཐོན་པའི་དངོས་ཕན་དེ་བས་མང་པོ་ལོངས་སུ་སྤྱོད་ཐུབ་པར་བྱ་རྒྱུའི་སྐོར་གྲོས་བསྡུར་གཙོ་བོ་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1