ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་ལ་གསོལ་སྟོན་བཤམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-16


        ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་སྐུ་མགྲོན་ལ་གསོལ་སྟོན་བཤམ་པ་དང་རིག་རྩལ་འཁྲབ་སྟོན་གཟིགས་འབུལ་ཞུས་པ། 
        སྤྱི་ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་གསོལ་སྟོན་བཤམ་པ་མ་ཟད་རྒྱལ་ཁབ་ཟློས་གར་ཁང་ཆེན་མོར་རིག་རྩལ་འཁྲབ་སྟོན་གྱི་གཟིགས་མོ་ཕུལ་ནས། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་མཁན་གྱི་ཕྱི་ཕྱོགས་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་དེ་བཞིན་སྐུ་མགྲོན་རྣམ་པར་དགའ་བསུ་ཞུས།
        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་གསོལ་སྟོན་ལ་ཞུགས་པ་རེད། 
        དགོང་མོའི་ཆུ་ཚོད་དྲུག་པ་ཙམ་ལ། མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་སྒྲོག་སྒོར་མཐོ་རིམ་གྲོས་ཚོགས་དང་། མཐོ་རིམ་གྲོས་ཚོགས་ལ་ཞུགས་མཁན་སྐུ་མགྲོན་རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་གཙོ་བོ། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་ཁུར་བ་དང་དེ་བཞིན་སྐུ་ཟླ་བཅས་སྔ་རྗེས་སུ་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་འབྱོར་ཟིན་ཡོད་པ་རེད། 
        ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཐོག་ཁང་གཉིས་པའི་མགྲོན་བསུ་ཁང་དུ་ཕེབས་སྒུག་ཞུས་གནང་བ་དང་། སྐུ་མགྲོན་རྣམ་པ་དང་རེ་རེ་བཞིན་ཕྱག་བཏང་གནང་བ་དང་། ཕན་ཚུན་འཚམས་ཞུ་གནང་ཡོད་པ་རེད། རི་ཀླུང་དེ་འདྲའི་མཛེས་སྡུག་ཆེ་བ་ལ་ཞེས་པའི་ལྡེབས་རིས་ཆེན་མོའི་མདུན་དུ། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཕྱི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་དེ་བཞིན་སྐུ་ཟླ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་ཡོད་པ་རེད། 
        ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་གནང་ཞིང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་གནང་ནས་སྐུ་མགྲོན་རྣམ་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་གནང་ཡོད་པ་རེད། 
        ཞི་ཅིན་ཕིང་གིས། ལོ་ངོ་2000གོང་དུ། ང་ཚོའི་སྔོན་བྱོན་མེས་པོ་རྣམས་ཀྱིས་མཛའ་གྲོགས་འགྲོ་འོང་བྱེད་པའི་བབ་ཆགས་ཀྱི་བསམ་འདུན་ཁྱེར་ནས། གནའ་བོའི་དར་གོས་ལམ་བུ་གཏོད་ཡོད་པ་རེད། དེ་རིང་། ང་ཚོས་གནའ་བོའི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུད་འཛིན་བྱས་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་གྲོས་བསྡུར་བྱེད་པ་ནི། ལོ་རྒྱུས་རླབས་རྒྱུན་རྒྱུན་མཐུད་པ་ཞིག་ཡིན་ལ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཡང་དག་པའི་གདམ་ག་ཞིག་ཀྱང་ཡིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཀྱིས་ང་ཚོའི་སྐོམ་པ་ཆུ་འདོད་ལྟར་གྱི་ཤེས་རིག་སྤེལ་རེས་ཀྱི་རེ་འདུན་ཁྱེར་ནས། མིའི་རིགས་ཀྱི་ཤེས་དཔལ་སྔར་བས་མཚར་སྡུག་ཆེ་བར་འགྱུར་བ་བྱ་རྒྱུ་དང་། ང་ཚོའི་ཞི་བདེ་བརྟན་ལྷིང་གི་རེ་འདུན་ཁུར་ནས། རྒྱལ་ཁབ་ཁག་གི་ཐུན་མོང་ཐོག་འཆམ་མཐུན་ཁྱིམ་གཞིས་སྐྲུན་རྒྱུ་དང་། འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱ་རྒྱུ། ང་ཚོའི་ཐུན་མོང་གོང་འཕེལ་གྱི་དམིགས་འབེན་ཁུར་ནས། རྒྱལ་ཁབ་ཁག་ནས་དཀའ་སྡུག་མཉམ་མྱོང་དང་། ལས་དབང་གཅིག་ཏུ་འབྲེལ་བའི་གོང་འཕེལ་ཐུན་མོང་མ་ལག་འཛུགས་རྒྱུར་རོགས་འདེགས་བྱ་རྒྱུ། ང་ཚོའི་མཛེས་སྡུག་འཚོ་བར་ཕྱོགས་པའི་རེ་འདུན་ཁུར་ནས། ཕུགས་བསམ་དེ་དོན་དངོས་ལ་འགྱུར་རྒྱུ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། 
        གསོལ་སྟོན་རིང་། སྒྲོག་སྒོར་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་རྒྱལ་ཁབ་སུམ་ཅུའི་རོལ་དབྱངས་དཀྲོལ་གཏོང་བྱས་ནས། རྒྱུད་གཅིག་ལམ་གཅིག་ལམ་རྒྱུད་རྒྱལ་ཁབ་ཀྱི་ས་ཁོངས་རིག་གནས་མི་འདྲ་བའི་སྤེལ་རེས་མཉམ་འདྲེས་ཀྱི་རྣམ་པ་མཚོན་པར་བྱས་ཡོད། 
        གསོལ་སྟོན་མཇུག་སྒྲིལ་རྗེས། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་སྐུ་མགྲོན་དང་ལྷན་དུ་རྒྱལ་ཁབ་ཟློས་གར་ཁང་ཆེན་མོར་ཕེབས་ནས་ལོ་ངོ་སྟོང་གི་ཁ་ཆད་ཅེས་པ་བརྗོད་བྱ་གཙོ་བོ་བྱས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།།

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1