རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་སྒོར་ཅོག་མཐོ་རིམ་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-17


         ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་པེ་ཅིང་ཡན་ཆི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་སྒོར་ཅོག་མཐོ་རིམ་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་སུམ་ཅུ་ལྷག་ནས་ཡོང་བའི་མགོ་ཁྲིད་པ་དང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་དངུལ་ཁང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་བཅས་ཀྱི་འགན་འཁུར་བ་སྒོར་ཅོག་ཚོགས་འདུར་ཞུགས། ཁོ་ཚོས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱས་ནས། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། འཕེལ་རྒྱས་འཐབ་ཇུས་ལ་འབྲེལ་མཐུད་བྱེད་པ་དང་མཉམ་སྦྲེལ་མཉམ་མཐུད་ལག་བསྟར་བྱེད་པ། མི་གཞུང་བརྗེ་རེས་ལ་ཡར་སྐུལ་བྱེད་པ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བར་མ་ཟད་མཉམ་འབྲེལ་སྤྱི་སྒྲོག་ལ་གྲོས་འཆམ་བྱུང་། 

        ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་ཀྲང་ཀའོ་ལིས་གྲོས་ཚོགས་ལ་ཞུགས། 
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་བཞི་བཅུའི་སྟེང་ཚོགས་འདུར་ཞུགས་པའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་རྣམས་འཕྲོ་རིམ་འཕྲོར་ཚོགས་རའི་ནང་ཐོན་པ་དང་ཞི་ཅིན་ཕིང་གིས་ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས་པར་མ་ཟད་ཕྱག་འཇུག་གནང་། དུས་ཚོད་བཅུའི་སྟེང་ཞི་ཅིན་ཕིང་གིས་སྒོར་ཅོག་ཚོགས་འདུ་དངོས་སུ་ཚོགས་མགོ་བརྩམས་པ་ཁྱབ་སྒྲོག་མཛད། 
        ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་ཚོགས་འདུ་མགོ་བརྩམས་པར་ཤིས་ཚིག་འབུལ་སྐབས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་མཐོ་རིམ་གླེང་སྟེགས་གཙོ་སྒྲུབ་བྱས་པའི་དམིགས་ཡུལ་ནི་མཉམ་ལས་ཇུས་ཆེན་ལ་མཉམ་གྲོས་བྱེད་པ་དང་མཉམ་ལས་སྟེགས་བུ་མཉམ་སྐྲུན་བྱེད་པ། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་རྒྱུ་དེ་ཡིན་པས། སྒོར་ཅོག་མཐོ་རིམ་ཚོགས་འདུ་བརྒྱུད་དེ་ཐུན་མོང་གི་ལྟ་ཚུལ་གང་མང་གཅིག་སྡུད་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཁ་ཕྱོགས་གསལ་བོར་སྟོན་པ་དང་ཇུས་གཞི་ཆེན་པོ་འགོད་དགོས་ཞེས་བསྟན།
        དེར་མཐུད་ནས་དུས་སྐབས་དང་པོའི་ཚོགས་འདུ་དང་བྱ་བའི་གུང་ཚིགས་གསོལ་སྟོན། དུས་སྐབས་གཉིས་པའི་ཚོགས་འདུ་བཅས་བསྡུས་པ་དང་ཚོགས་འདུར་ཞུགས་པའི་མགོ་ཁྲིད་པས་སྲིད་ཇུས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། མི་གཞུང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མཉམ་སྦྲེལ་མཉམ་མཐུད་ཀྱི་དངོས་གཉེར་མཉམ་ལས་ལག་བསྟར་བྱས་ནས་མཉམ་འབྲེལ་འེཕལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པའི་གྲོས་གཞི་གཙོ་བོར་དམིགས་ཏེ། བསམ་འཆར་བརྗེ་རེས་བྱས་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ཚོགས་འདུར་ཞུགས་པའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བཏོན་པར་མ་ཟད་ཐེངས་འདིའི་མཐོ་རིམ་གླེང་སྟེགས་བསྡུས་པར་གདེང་འཇོག་ཆེན་པོ་གནང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་དུ་ལག་བསྟར་བྱས་ཏེ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཅེས་བསྟན། 
        ཕྱི་དྲོའི་དུས་ཚོད་ལྔའི་སྟེང་། གྲོས་ཚོགས་མཇུག་བསྡུ་བའི་དུས་སྐབས་སུ་སླེབ་པས། ཕྱོགས་སོ་སོས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒོར་ཅོག་མཐོ་རིམ་ཚོགས་འདུའི་མཉམ་འབྲེལ་སྤྱི་སྒྲོག་ལ་གྲོས་འཆམ་བྱུང་བར་མ་ཟད། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གསལ་ཁྲ་བཀོད། 
        ཞི་ཅིན་ཕིང་གིས་ཚོགས་འདུ་མཇུག་བསྡུ་བའི་ཤིས་ཚིག་འབུལ་སྐབས། ཚོགས་འདུའི་སྟེང་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ལྔ་བཏོན་པར་སྤྱི་བསྡོམས་གནང་། གཅིག རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཛམ་གླིང་དཔལ་འབྱོར་གྱི་མདུན་དུ་གནས་པའི་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བར་བརྩོན་ལེན་བྱེད་དགོས། གཉིས། དཔལ་འབྱོར་དང་སྲིད་ཇུས་མཐུན་སྦྱོར་བྱེད་པ་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་རྒྱབ་སྐྱོར་དང་ཤུགས་བསྣན་ནས། ཧུར་ཐག་སྒོས་མཐུན་སྦྱོར་འབྲེལ་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། གསུམ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། བཞི། རྒྱལ་ཁབ་སོ་སོའི་དམངས་ཁྲོད་བར་དུ་འབྲེལ་བ་ཟབ་མོ་འཛུགས་དགོས། ལྔ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནི་སྒོ་འབྱེད་བཟོད་སྒོམ་གྱི་འཕེལ་རྒྱས་སྟེགས་བུ་ཡིན་པས། རྒྱལ་ཁབ་སོ་སོ་ནི་འདྲ་མཉམ་གྱི་དེའི་ཁྲོད་དུ་ཞུགས་མཁན་དང་བྱས་རྗེས་འཇོག་མཁན། ཁེ་ཕན་མྱོང་མཁན་ཡིན་པ་བཅས་རེད། 
        སྒོར་ཅོག་མཐོ་རིམ་གྲོས་ཚོགས་གྲོལ་རྗེས། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་བྱས་པ་དང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཚོགས་འདུའི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་། དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་མདུན་དུ་གནས་པའི་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བ་ནི་ང་ཚོ་ཐུན་མོང་གི་ཁེ་ཕན་དང་མཐུན་པས། ང་ཚོར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་དགོས་པའི་རྒྱུ་མཚན་ཡོད། དེ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནི་ཡུན་རིང་གི་བཟོ་སྐྲུན་ཡིན་པ་དང་། མདུན་ཕྱོགས་ཀྱི་ལམ་ཐག་ཧ་ཅང་རིང་བས། ཕྱོགས་སོ་སོས་མཉམ་ལས་བཟང་བོ་བྱས་ནས་མུ་མཐུད་དུ་གྲུབ་འབྲས་ངོ་མ་ལེན་དགོས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དེ་ཞི་བདེའི་བགྲོད་ལམ་དང་དར་རྒྱས་ཀྱི་བགྲོད་ལམ། སྒོ་འབྱེད་ཀྱི་བགྲོད་ལམ། གསར་སྐྲུན་གྱི་བགྲོད་ལམ། དཔལ་ཡོན་གྱི་བགྲོད་ལམ་དུ་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1