ས་ཆུ་བཅོས་སྐྱོང་བྱས་ནས་སྡེ་དགེ་རྫོང་དབུལ་ཐར་གྱི་ལམ་དུ་སྐྱོད།

ཡེ་མགོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 05-22


        2015ལོའི་ལོ་མཇུག་བར་དུ་སླེབས་སྐབས། དུད་ཚང93མ་གཏོགས་མེད་པའི་ཞེ་དགའ་གྲོང་སྡེ་ལ་དབུལ་ཕོངས་བྱུང་ཚད་བརྒྱ་ཆ96.43ལ་ཟིན་པ་རེད། སི་ཁྲོན་ཞིང་ཆེན་གྱི་ཆེས་ལྷོ་སྣེ་ལ་གནས་པའི་སྡེ་དགེ་རྫོང་ལ་ཆ་བཞག་ནས་བཤད་ན། དེ་འདྲའི་གྲོང་སྡེ་ནི་གཅིག་ལས་ཚད་རྒྱུ་མ་རེད། 2015ལོ་ནས་བཟུང་ཞིང་ཆེན་ཆུ་བེད་ཐིང་གིས་དམིགས་འཛུགས་བྱས་ཏེ་སྡེ་དགེ་རྫོང་ལ་རོགས་སྐྱོར་བྱས། འདས་པའི་ལོ་གཅིག་ལྷག་གི་རིང་ལ་འགྱུར་ལྡོག་གང་འདྲ་བྱུང་ཡོད་རེད་ཅེ་ན།
 གནས་པའི་དཀའ་ངལ།
ཐོན་ལས་འཕེལ་རྒྱས་གཏོང་སའི་རྨང་གཞི་མེད་པས་གྲོང་དམངས་ཀྱི་ཡོང་འབབ་གཙོ་བོ་ནི་ཁ་གསབ་རོགས་དངུལ་མ་གཏོགས་མེད།
        ཞིང་ཆེན་ཆུ་བེད་ཐིང་གི་ཆུ་རྐ་དོ་དམ་ཁྲུའུ་ཡི་སྔོན་གྱི་བཟོ་བཀོད་པ་ཁྲེང་ཝུན་ལིན་གྱིས་སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར་ནས་ལོ་གཅིག་ལྷག་འདས། 2015ལོའི་ལོ་མཇུག་ལ་ཐེངས་དང་པོར་ཞེ་དགའ་གྲོང་སྡེའི་ནང་འགྲོ་སྐབས་ཀྱི་རྣམ་པ་ནི་ཁོའི་སེམས་སུ་གསལ་ལྷང་ངེར་ཡོད་ཅིང་། དེའི་སྐབས་སུ་གྲོང་སྡེ་ཡོངས་སུ་རྨོད་འདེབས་བྱེད་ལོན་པའི་ས་ཞིང་གི་རྒྱ་ཁྱོན་མུའུ286མ་གཏོགས་མེད་པས་ཆ་སྙོམས་མི་རེར་མུའུ་རེ་ཡང་ཐོབ་པ་མ་རེད། འདི་འདྲའི་གནས་ཚུལ་འོག  གྲོང་དམངས་ཚོའི་ཡོང་འབབ་གཙོ་བོ་ནི་རིགས་སྣ་ཚོགས་ཀྱི་གཟིགས་སྐྱོང་གི་ཁ་གསབ་རོགས་དངུལ་བྱིན་པར་བརྟེན་ན་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2376ལས་མེད་པས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཧ་ཅང་དམའ་བ་རེད། ཁྲེང་ཝུན་ལིན་གྱིས་དུད་ཚང་རེ་རེ་བཞིན་དུ་བརྟག་དཔྱད་བྱས་པར་བརྒྱུད། གྲོང་སྡེ་ཡོངས་སུ་གཙོ་གནད་དུ་རོགས་སྐྱོང་བྱ་དགོས་པའི་དུང་ཚང་དབུལ་པོ25ཡི་མི་གྲངས86ཡོད་པ་རེད།
        གྲོང་སྡེའི་ནང་གི་རྨང་གཞིའི་སྒྲིག་ཆས་ནི་དེ་བས་སེམས་ཁྲལ་བྱ་ཡུལ་དུ་གྱུར། དངུལ་མེད་པའི་རྐྱེན་གྱིས་རང་འབབ་ཆུ་ཁྲིད་ས་ཆུ་རྐ་ལས་མི་ཐུབ་ལ། བཀོལ་སྤྱོད་ཀྱང་བྱེད་མི་ཐུབ་པ་རེད་ཅེས་པའི་སྐད་ཆ་དེས་ཝང་ཞའོ་ལུང་ལ་སེམས་མནར་མོ་བྱས་མྱོང་། 
        དབུལ་པོའི་འབྱུང་རྩ་གཙོ་བོ་ཅི་རེད་ཅེ་ན། ཝང་ཞའོ་ལུང་གིས་རྒྱུས་ལོན་བྱུང་དོན། ཁ་གསབ་རོགས་དངུལ་ཕུད་ཁ་ཞིང་པའི་དུད་ཚང་གི་ཡོང་འབབ་གཙོ་བོ་ནི་འབྲོག་ལས་ལ་བརྟེན་དགོས་ཤིང་། འོན་ཀྱང་གནམ་གཤིས་སོགས་རྒྱུ་རྐྱེན་དུ་མས་ཚོད་འཛིན་ཐེབས་པའི་དབང་གིས་རྩྭ་སའི་ཐོག་གཟན་རྩྭའི་ཐོན་ཚད་དམའ་ཞིང་རྩྭ་སའི་ལྕོགས་ཚད་ལས་བརྒལ་ནས་ཕྱུགས་ཟོག་གསོ་ཚགས་བྱས་པ་འདི་ནི་ཕྱི་ངོའི་གཞི་རྐྱེན་རེད།
        ཞེ་དགའ་གྲོང་སྡེ་ནི་སྡེ་དགེ་རྫོང་གི་ཕྱི་ངོས་མཚོན་ཚུལ་གཙོ་བོ་ཡིན་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.1ཡོད་པའི་སྡེ་དགེ་རྫོང་ལ་ཆ་བཞག་ནས་བཤད་ན། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4365ལ་ཟིན་པས་ས་ཆུ་ཤོར་ཚད་བརྒྱ་ཆ40དང་ལོ་རེར་རྫོང་ཡོངས་སུ་ས་ཆུ་ཤོར་བའི་བསྡོམས་འབོར་ཏུན་དུང་ཕྱུར3ལས་བརྒལ་བ་རེད།
དཀའ་ངལ་སེལ་སྟངས།
ཁྲོན་པ་བརྐོས་ནས་ས་ཆུ་སྲུང་འཛིན་བྱས་ཏེ་རྩྭ་ཐང་ཤིང་ཏོག་དང་སྔོ་ཚལ་ལྡུམ་ར་ལ་བསྒྱུར།
        དབུལ་པོའི་རྩ་བ་འགོག་དགོས་ན་ངེས་པར་དུ་ཆུ་བཅོས་སྐྱོང་བྱ་དགོས། 2015ལོའི་ལོ་མཇུག་ལ། ཞིང་ཆེན་དང་རང་སྐྱོང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ཆུ་དོན་སྡེ་ཁག་གིས་རོགས་རམ་བྱས་འོག  ཞེ་དགའ་གྲོང་སྡེ་ཡིས་ཞིང་སྡེའི་ཉེན་མེད་འཐུང་ཆུའི་ལས་གྲྭ་སྐྲུན་འགོ་ཚུགས་པ་རེད།
        འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པའི་དུས་མཚུངས་སུ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་འདིང་བ་རེད། ཞིང་ཆེན་ས་ཆུ་སྲུང་འཛིན་ཅུས་ཀྱི་ཆེད་རམས་པས་བརྟག་དཔྱད་བྱས་རྗེས་ས་གནས་དེ་གའི་ས་ཆུ་ཤོར་བའི་ས་ཁོངས་འདི་དག་བཅོས་སྐྱོང་བྱེད་ཐུབ་པས་མ་ཚད། བཅོས་སྐྱོང་བྱས་རྗེས་ཀྱི་ས་ཞིང་ལ་དཔལ་འབྱོར་རིན་ཐང་ཡོད་པའི་བསྡོམས་ཚིག་རྙེད་པ་རེད། ན་ནིང་ལོའི་དཔྱིད་ཀ་ནས་འགོ་བཙུགས་ཏེ་སྡེ་དགེ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་སྟོང་ལ་ཟིན་པ་གཏོང་འཇོག་བྱས་ཏེ་རི་གཟར་སོགས་ས་ཆུ་ཤོར་བའི་གཙོ་གནད་ས་ཁོངས་བཅོས་སྐྱོང་བྱས་པ་རེད།
        གོ་སྐབས་འདི་དང་བསྟུན་ནས་ཞེ་དགའ་གྲོང་སྡེ་ཡིས་བཅོས་སྐྱོང་ས་ཁུལ་དུ་ཞིང་ར་བསྐྲུན་རྒྱུའི་གཏན་འཁེལ་བྱས་ཏེ་ས་ཞིང་ནང་ཞོག་ཁོག་དང་ནས་ལ་སོགས་པ་རྨོད་པ་དང་། ནགས་སའི་ཐོག་གྲང་ངར་དང་ཐན་པ་ཐེག་ཐུབ་པའི་ཀུ་ཤུ་ཤིང་སྡོང་བཙུགས་པ་རེད། དེ་མིན་ད་དུང་མི་སེར་ཚོས་ས་ཞིང་མ་རྐང་བཞག་ནས་གཞི་ཁྱོན་མུའུ20ཡས་མས་ཡོད་པའི་སྔོ་ཚལ་སྤྱིལ་ཁང་དང་། སྨན་རྩྭ་འདེབས་འཛུགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་འཛུགས་འགོ་བཙུགས་ཏེ་མ་མཐའ་ཡང་མི30ལས་ཞུགས་དང་དབུལ་ཐར་བྱེད་ཐུབ་པ་རེད།
        འདི་འདྲའི་འགྱུར་ལྡོག་བྱུང་བ་ནི་ཞེ་དགའ་གྲོང་སྡེ་ཁོ་ན་ཚད་རྒྱུ་མ་རེད། 2015ལོ་ནས་བཟུང་ཞིང་ཆེན་ཆུ་བེད་ཐིང་གིས་རོགས་རམ་བྱས་འོག  སྡེ་དགེ་རྫོང་གིས་རིམ་རྩིས་བྱས་ན་འཐུང་ཆུའི་ལས་གྲྭ118བསྐྲུན་ནས་རྫོང་ཡོངས་ཀྱི་ཞིང་འབྲོག་མི་འབོར་ཁྲི5.38ཡིས་བློ་འཁེལ་ཆོག་པའི་ཆུ་འཐུང་རྒྱུ་ལོན་ཡོད། རྫོང་ཡོངས་ཀྱི་མངའ་ཁོངས་སུ་ཡོད་པའི་ཆུ་བོ་རྣམས་ཞིང་ཆེན་ཡོངས་ཀྱིས་རྒྱུད་རིམ་ཡོད་པ་བཅོས་སྐྱོང་བྱ་རྒྱུའི་མིང་ཐོའི་ནང་བཞག་པ་དང་།  ཆུ་བོའི་འགག་རྩ་ཆུ་རྒྱུན་དུ་ཆུ་རགས་བསྐྲུན་པ་དང་རྫོང་དང་ཤང་རིམ་པ་གཉིས་སུ་ཆུ་བྲུབས་པའི་དུས་ཚིགས་ནང་སྔོན་ཟོན་བྱ་རྒྱུའི་ལམ་ལུགས་བཙུགས་ཡོད་པ་རེད།
        ན་ནིང་ལོ་ནས་བཟུང་རྒྱ་ཁྱོན་མུའུ་ཁྲི1.77ཆུ་འདྲེན་ཆོག་པའི་དབོན་ཐོག་གི་ཆུ་བེད་ལས་གྲྭ་སྐྲུན་འགོ་བཙུགས་ནས་ས་གནས་དེ་གར་འབྲིང་རིམ་གྱི་ཆུ་བེད་ལས་གྲྭ་གཙོ་བོ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།    ལས་གྲྭ་འདིར་མ་དངུལ་སྒོར་དུང་ཕྱུར1.34གཏོང་འཇོག་བྱ་རྒྱུའི་འཆར་གཞི་ཡིན་ཞིང་།   ལས་གྲྭ་འཛུགས་སྐྲུན་གྲུབ་རྗེས་ས་ཞིང་མུའུ་ཁྲི1.06དང་གཟན་རྩྭའི་རྟེན་གཞི་མུའུ་ཁྲི0.71ཆུ་འདྲེན་ཆོག་པ་རེད།    མིག་སྔའི་བར་དུ་སྡེ་དགེ་རྫོང་གིས་གྲོང་སྡེ་དབུལ་པོ26དབུལ་པོ་ལས་ཐར་བཅུག་པ་དང་།   ས་ཆུ་ཤོར་བའི་ས་ཁོངས་མུའུ16228.5བཅོས་སྐྱོང་བྱས་ཡོད་པ་རེད། །    




      
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1