༄༅།། འཛམ་གླིང་ཐ་མག་མེད་པའི་ཉིན་མོ།

རྨེ་གྲྭ ཚེ་རིང་བསམ་འགྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31


        2013ལོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་པས (WHO) ཉེ་ཆར་གསར་བསྒྲགས་གནང་བ་ལྟར་ན། ཐ་མག་གིས་འཇབ་རྒོལ་ཁྲོད་མིའི་ཚེ་སྲོག་བཅད་པ་གྲངས་ཀྱིས་མི་ཟིན་པའི་ཚོད་དུ་སླེབ་འདུག་པས། ང་ཚོ་ཚང་མས་ཐ་མག་གི་གསང་བ་འདི་ངོས་ཟིན་ཐོབ་པའི་འོག་ཐ་མག་མི་བསྟེན་པར་མ་ཟད་དེ་ལ་འཁོན་ལན་སྤྲོད་རན་རེད་འདུག འཛམ་གླིང་ཧྲིལ་བོར་ལོ་གཅིག་གི་ནང་ཐ་མག་གིས་འགྲོ་བ་མིའི་རིགས་ས་ཡ་དྲུག་གི་ཚེ་སྲོག་རྦད་ཀྱིས་གཅོད་བཞིན་ཡོད་པ་དང་། དེའི་ནང་ནས་མི་འབུམ་དྲུག་ཙམ་ནི་རྒྱུན་པར་ཐ་མག་རྐང་གཅིག་ཀྱང་མི་འཐེན་མཁན་ཡིན་མོད། རེད་དེ་ཐ་མག་འཕེན་མཁན་དང་མཉམ་དུ་བསྡད་ནས་དུ་བ་སོགས་རྫས་ངན་པ་དག་གློ་བར་སོང་ནས་འཆི་རྐྱེན་བྱས་པ་ཤ་སྟག་ཡིན་འདུག

        ཐ་མག་གི་འཆི་རྐྱེན་ཁྲོད་བསྡོམས་རྩིས་བྱུང་བ་ལྟར་ན་བརྒྱ་ཆའི་60ཡན་བུད་མེད་ཐ་མག་འཐེན་མཁན་དང་མི་འཕེན་མཁན་ཡིན་པ་དང་། ཆ་སྙོམས་ཀྱིས་གཞིགས་ན་སྐར་མ་གཅིག་གི་ནང་ཐ་མག་གིས་མི་དྲུག་རེ་འཆི་ལམ་དུ་བརྫངས་ནས་ཡོད་པ་རྟོགས། ད་དུང་འདི་བཞིན་ལམ་ལ་སོང་ན་2020ལོ་འཛམ་གླིང་གི་དུ་བ་འཐེན་མཁན་གྱི་མི་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་སྲིད་པ་དང་འཆི་བའི་ཉེན་ཁའང་དེ་ལས་ཆེ་སྲིད། ཉེ་ལམ་གྱི་གནས་ཚུལ་ལྟར་ན་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་དག་གིས་སྐྱེས་པ་དུ་བ་འཐེན་མཁན་ནི་བརྒྱ་ཆའི་40དང་བུད་མེད་བརྒྱ་ཆའི་20 ལས་དམའ་མི་སྲིད་ཅིང་། འཕེལ་རྒྱས་རྒྱལ་ཁབ་དག་གི་སྐྱེས་པ་བརྒྱ་ཆའི་50 དང་བུད་མེད་བརྒྱ་ཆའི་8ཟིན་གྱིན་ཡོད།    

        ཨ་རིའི་འཕྲོད་བསྟེན་རྩ་འཛུགས་ཁང་གིས་ཡུན་རིང་ཞིབ་འཇུག་སྙན་ཐོའི་ཁྲོད་རྙེད་པ་ལྟར་ན། བུད་མེད་ཚོ་ལ་ལྷག་ཏུ་དུ་བའི་དུག་རྫས་དག་ལུས་ཕུང་སྟེང་འགོས་སླ་བ་ཡོད་པ་དང་། སྐྱེས་པ་དང་བསྡུར་ན་བརྒྱ་ཆའི་25ལས་དུག་ནད་འཕོག་སླ་བའི་ཉེན་ཁ་འབྱུང་བཞིན་ཡོད་པར་བཤད། དུ་བའི་རྫས་འགྱུར་ནང་དུག་རིགས་ཀྱི་རྫས་འགྱུར་བརྒྱ་ཕྲག་ལྷག་གིས་མིའི་ལུས་ཁམས་དང་སེམས་ཁམས་ལ་ཧ་ཅང་གནོད་འཚེ་མངོན་གསལ་ཅན་སྣ་ཚོགས་གཏོང་བཞིན་ཡོད་ལ། ལྷག་ཏུ་གློ་བའི་འབྲས་སྲན་གྱི་ནད་དང་། ཁྲག་ཆེད་མཐོ་བ། ལུས་དྲོད་ཉམས་པ། སྙིང་རྩ་འགགས་པ། བུད་མེད་ཚོར་ཕྲུ་གུ་སྐྱེ་ནུས་ཉམས་པ།  ཕྲུ་གུའི་དབང་པོ་ལས་རུང་མིན་པར་འགྱུར་བ། ཟླ་མཚན་ཆད་པ་རྒྱུན་ལྡན་མིན་པ། སྙིང་ནད་སོགས་བཅོས་ཐབས་བྲལ་བའི་ནད་སྣ་ཚོགས་ཀྱི་དུག་ལྕེ་མིའི་ཚེ་སྲོག་གི་སྟེང་དུ་རྐྱོང་བཞིན་ཡོད་པ་རྟོགས།

        ཡང་སློབ་གྲྭ་ཆེ་ཁག་དག་གིས་མཉམ་ཞིབ་བྱས་པ་ལྟར་ན། ཐ་མག་གིས་ཤི་བའི་མི་ས་ཡ་བཞིའི་ནང་ནས་མི་གཅིག་ཁྲི་བདུན་སྟོང་ལྷག་ལ་སྙིང་ནད་ཕོག་དེ་ཤི་ཡོད་པ་དང་། དེ་དག་ལས་ཀྱང་བུད་མེད་ལ་དུ་བའི་རྫས་འགྱུར་ཉེར་ལེན་ལ་བསྟེན་ནས་སྙིང་ནད་ཕོག་ཧ་ཅང་སླ་བར་བཤད།

        དེར་བསྟེན་རྒྱ་ནག་གིས་2015ལོའི་ཟླ་11 ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་ལུགས་ལག་བསྟར་ཁྱབ་བསྒྲགས་ཀྱི་ཟིན་ཐོར་བཀོད་པ་ལྟར་ན། རྒྱལ་ཡོངས་ཀྱི་སྤྱི་སྤྱོད་གནས་ཡུལ 公共场所དག་གི་ས་གནས་སོ་སོ་རུ་ད་ལོ་ནས་བཟུང་ཐ་མག་འཐེན་མི་ཆོག་པར་ཚོད་འཛིན་བྱས་ཡོད།    གཞུང་སྒྲུབ་ཁང་གི་ཕྱི་ནང་དང་། སློབ་གྲྭ་ཆེ་ཁག་གི་ཕྱི་ནང་། སྨན་ཁང་གི་ཕྱི་ནང་། ལུས་རྩལ་ར་བའི་ཕྱི་ནང་། སྤྱི་སྤྱོད་རླངས་འཁོར་དང་དུང་འཁོར་གནམ་གྲུའི་འབབ་ཐང་སོགས་ཀྱི་ཕྱི་ནང་། ད་དུང་མཛེས་ལྗོངས་ར་བ། ཚོང་ར། གསོལ་སྟོན་ཁང་སོགས་མི་མང་འདུ་ས་དང་མང་ཚོགས་སྤྱིའི་འགྲོ་ལམ་དང་འདུག་གནས་གང་ཡིན་སོགས་སུ་ནམ་ཡང་ཐ་མག་འཐེན་མི་ཆོག་པར་གཏན་ཁེལ་གནང་ཡོད། གལ་ཏེ་སྤྱི་མིའི་བདེ་ཐང་ལ་གནོད་པའི་ལས་ཀ་དེ་རིགས་མཚམས་མི་འཇོག་མཁན་ཡོད་ན་དེ་གར་ཁྲིམས་འགལ་ཡིན་པས་ཆད་པ་གཅོད་རྒྱུ་བྱས་ཡོད། དེས་ན་ཐ་མག་འདི་མ་མཐོང་མ་རིག་ས་ནས་ཚེ་སྲོག་རྔུབ་པའི་སྡང་དགྲ་གཅིག་པོ་ཡིན་པས་ང་ཚོས་འདི་ལ་ཉམས་འཇོག་དང་དོགས་ཟོན་གསར་པ་ཞིག་གནང་དགོས་པའི་དུས་སྐབས་ཅིག་ལ་ཐོན་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1