༄༅། །གངས་ཅན་པའི་ཡི་གེ་དང་ཡི་གེའི་གཟུགས་བྱུང་ཚུལ་གྱི་བརྒྱུད་རིམ་མདོར་བསྡུས།

དཔལ་བསྡུས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31


        གངས་ཅན་ཁ་བའི་ལྗོངས་ཀྱི་ཡི་གེ་བྱུང་ཚུལ་གྱི་བརྒྱུད་རིམ་མདོར་བསྡུས་སུ་བརྗོད་ན། གདོད་མའི་འདྲ་གཟུགས་ཀྱི་ཡི་གེ་དང་། བར་དུ་ཧི་མ་ལའི་དབྱངས་གསལ་གྱི་ཡི་གེ མཐར་བོད་ཀྱི་སྒྲ་གདངས་ཀྱི་ཡི་གེ་གསུམ་ལས་བརྒྱུད་ནས་ད་ལྟའི་བོད་ཀྱི་ཡི་གེ་འདི་བྱུང་བ་ཡིན། གདོད་མའི་འདྲ་གཟུགས་ཀྱི་དུས་རིམ་ནི་མཐོ་སྒང་ཁ་བ་རི་བའི་མི་རྒྱུད་རི་དྭགས་ནས་མི་རུ་འགྱུར་ཏེ་སྐད་ཆའི་ཚད་མཐོན་པོར་སླེབས་པའི་རྗེས་སོ་སོའི་འཚོ་བ་དང་ཕན་ཚུན་བརྡ་སྤྲོད་པའི་སྐད་ཆ་མི་བརྗེད་ཐོ་ཡིག་བཀོད་པའི་བརྡ་རུ་གོ་ནུས་པ། སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད་དུ་གྱུར་པ་ཡིག་འབྲུ་ཁྲི་དང་འབུམ་བྱུང་བ། ཀོང་ཡུལ་གྱི་བདུད་རྗེ་ཁྱབ་པ་ལག་རིང་གི་གཏོ་སྒྲོམ་དུ་ཡོད་པའི་ཡི་གེ་ཡན་བྱུང་ཡོད་པ་ཡིན།
        ཞང་ཁྱུང་མངའ་རིས་ཀྱི་གུ་གེའམ་ཡི་གེའི་རྒྱལ་ཁབ་ན། ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་དུས་གངས་ཅན་གྱིི་སྟོན་པ་གཤེན་རབ་ཀྱིས་བདུད་ཀྱི་གཏོ་སྒྲོམ་ནས་བླངས་པའི་དཔའ་བོ་འབྲུ་ལྔའི་ས་བོན་ལ་བརྟེན་ནས་ལྐུགས་པ་ཁ་འབྱེད་ཀྱི་གདམས་པ་ཧི་མ་ལའི་དབྱངས་གསལ་གྱི་ཡི་གེ་བཞི་བཅུ་བསྐྲུན་ནས་བོད་རྒྱལ་སྲོང་བཙན་སྒམ་པོའི་བར་དུ་གངས་ལྗོངས་ཀྱི་རྒྱལ་ཕྲན་ཀུན་གྱིས་བོན་སྲིད་ཡོངས་རྫོགས་ལ་སྤྱོད་ནུས་པ་བྱུང་ཡོད། བོད་ཆེན་པོའི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་མཛངས་མི་བཞི་པ་ཐུ་མི་སམ་བྷོ་ཊའམ་སློབ་དཔོན་ཨ་ནུས་ད་ལྟའི་སྤྱོད་བཞིན་པའི་བོད་ཡིག་སུམ་ཅུ་འདི་ཡུལ་གངས་ཅན་གྱིི་ལྗོངས་ན་སྐད་ཡིག་གཅིག་འགྱུར་གྱི་ཆེད་དུ་སྔར་གྱི་དབྱངས་གསལ་ལ་འཕྲི་བསྣོན་བགྱིས་ཏེ་སྒྲ་གདངས་ཀྱི་ཡི་གེ་འདི་ད་ལྟའི་བར་བྱུང་ཡོད་པའི་ཡི་གེ་ཡིན།
1 འདྲ་གཟུགས་ཀྱི་ཡི་གེ་ལ་དངོས་གཟུགས་ཀྱི་ཡིག་གཟུགས་དང་། དོན་གྱི་ཡིག་གཟུགས་གཉིས་སུ་བྱུང་།
2 ཧི་མ་ལའི་དབྱངས་གསལ་ལ་སྨར་ཆེན་དང་། སྨར་ཆུང་། ལྷ་བབ་ཡི་གེ སྤུངས་སོ་ཆེ་ཆུང་དང། གཟི་ཡིག དྲག་ཡིག་བཅས་བྱུང་།
3 ཐུ་མའི་སྒྲ་གདངས་ཡི་གེ་ལ་དབུ་མེད་དང་། དབུ་ཅན། སུག་རིང་དང་སུག་ཐུང་། ཝརྟུ་དང་ལཉྩ། འབྲུ་ཚ་དང་ཡིག་ཆུང་། འཁྱུག་ཡིག གཏེར་ཡིག་དང་བརྡ་ཡིག ཡིག་གསར་དང་ཧོར་ཡིག་བཅས་བྱུང་། དེ་དག་ནང་གསེས་ཀྱི་འགྱུར་བ་མི་འདྲ་བ་ཧ་ཅང་མང་། བོད་བཙན་པོའི་སྐབས་སུ་དབུ་ཅན་ལ་འགྱུར་བ་བརྒྱད་བྱུང་ཡོད། བོད་སིལ་བུའི་རྗེས་སུ་ཁྱུང་པོ་གཡུ་ཁྲི་འབར་གྱི་ཆ་ཚད་ལྡན་པའི་ཡི་གེ་དཀྱིལ་འཁོར་ལ་དཔེ་བླངས་ནས་དབུ་ཅན་ལ་ཤ་གཟུགས་དང་རུས་གཟུགས་གཉིས་གཙོས་འགྱུར་བ་འགའ་བྱུང་ཡོད། དབུ་མེད་ལ་བོད་བཙན་པོའི་སྐབས་སུག་རིང་དང་སུག་ཐུང་གཉིས་བྱུང་། བོད་སིལ་བུའི་རྗེས་སུ་ལི་ལུགས་དང་། ལྡན་ལུགས་གཉིས་ལས་དབུ་མེད་ལ་འགྱུར་བ་ཧ་ཅང་ཆེ། ཁྱད་པར་དུ་སྒྲོ་ཉ་ཤ་རི་དང་། མཐོང་བ་རྡོ་རྗེ་དཔོན་སློབ་རིང་། གསབ་ལེབ་གྲུ་བཞི་སྟེ་རིམ་པ་དགུ་བྱུང་། དེ་ནས་ཁྱུང་པོའི་བརྒྱུད་པ་ལས་སྦལ་ལུགས་དང་མང་ལུགས་གཉིས་བྱུང་། འབྲུ་མ་ལ་འབྲུ་ཆེ་ཆུང་དང་། སུག་རིང་ཐུང་། ཟླུམ་བྲིས། འབའ་ཧོ། འབྲུ་ཚ། པདྨ་འཁྱུགས། ཡིག་ཆུང་། འཕྲིན་ཡིག དཀྱུས་ཡིག འཁྱུག་ཡིག
        ཡུལ་གྱི་དབང་གིས་གཙང་བྲིས། དབུས་བྲིས། ཨམ་བྲིས། ཁམས་བྲིས། སྡེབ་བྲིས། ཀུ་བྲིས། སྡེ་ནང་བྲིས། ས་བྲིས། ཁྲ་བྲིས་སོགས་ཀྱི་འགྱུར་བ་ཤིན་ཏུ་མང་བས་གྲངས་གཏན་འཁེལ་བྱུང་མེད།
        གཞན་ཡང་ཝརྟུ་དང་ལཉྩ་གཙོའི། གཏེར་ཡིག་དང་། བརྡ་ཡིག ཡིག་གསར། མཛེས་ཡིག ཨང་ཡིག དཀྲུགས་ཡིག རྡོ་བརྐོས་ཡི་གེ འབྱུང་བཞིའི་ཡི་གེ་སོགས་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ཧ་ཅང་གྲངས་མང་པོ་བྱུང་ཡོད། ཕལ་ཆེར་ཡིག་གཟུགས་ཀྱི་རིགས་སུམ་བརྒྱ་དྲུག་ཅུ་ཉེ་བར་ད་ལྟའི་བར་འཚོལ་རྒྱུ་ཡོད་སྙམ། རྗེས་སུ་དུས་ཚོད་ཁོམ་པོ་བྱུང་ན་བསྡུ་རུག་བྱེད་མོས་ཡོད། དེ་རིང་དུས་ཚོད་ཀྱི་དབང་གིས་འདི་ཙམ་གྱིས་འཐུས་པར་བྱེད་རྒྱུ་ཡིན་པས་མ་རྟོགས་ལོག་རྟོག་ནོར་འཛོལ་ཡོད་ན་དགོངས་ཁྲེལ་མེད་པར་ཞུ། །
བཙན་པོ་རྒྱལ་རབས་སྔོན་གྱི་བོད་ཀྱི་ཡིག་གཟུགས་སྣ་ཚོགས།     ཡིག་གཟུགས། ལྟག་ཨོ་རྒྱན་ཆོས་འཕེལ། 

● སྟག་གཟིག་སྤུངས་ཡིག 



● སྨར་ཆེན།



● སྨར་ཆུང་། 



● གཟི་ཡིག 



● ལྷ་བབ་ཡི་གེ 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1