༄༅།། ས་དཔྱད་སྤྱིའི་བཟང་ངན་སྐོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05


དང་པོ་སྐྱོན་ནི།  ཤར་རི་མཐོ་ན་ཚེ་ལ་གནོད།། ནུབ་ཧར་པོ་སོང་ན་བཀྲ་མི་ཤིས།།  རི་སྣ་མདུང་ཚུགས་སུ་སོང་ན་བར་ཆད་འོང་།། ཚ་གྲང་མ་སྙོམས་ན་ནད་འཇུག། གདོན་གདུག་པ་ཅན་ཡོད་ན་བར་ཆད་འོང་།། རྒྱུ་སྲང་ཟུག་ན་མིའི་འཚེ་བ་ཡོང་།། གཞན་ཡང་སྟེང་ན་བྲག་ལྷུང་དུ་ཆ་བ་དང་།། ངུས་པའི་མཆི་རིས་འདྲ་བ་དང་།། སྡེར་སེན་གྱི་བྲད་པ་འདྲ་བ།། ཤི་པགས་བརྒྱངས་པ་འདྲ་བ།། སྒོ་ལ་གྲོག་མདོ་ཟུག་པ།། སྒོ་ན་མི་ལངས་པ་ལྟ་བུ་བྱུང་ན་རྣམས་ནི་ས་དགྲ་ཡིན་པས་སྐྱོན་ཅན་ནོ།།
གཉིས་པ་ཡོན་ཏན་ནི། བྲག་སྐྱིལ་མོ་ཀྲུང་བྱས་པ་འདྲ་ན་ཏིང་ངེ་འཛིན་རྒྱས།།  པདྨ་ཁ་ཕྱེ་བ་འདྲ་བ་ན་རྟོགས་པ་སྐྱེས།། ས་དང་གནམ་གྲུ་གསུམ་ཡོད་ན་འགྲུབ་ཐག་ཉེ།། རྒྱབ་རི་མཐོ་ན་བག་དྲོ།། བྱང་རི་མཐོ་ན་བཀྲ་ཤིས།། ལྷོ་འདུས་འདྲ་ན་ལོངས་སྤྱོད་འདུ།། ས་དགྲ་གང་ཡང་མི་འདུག་ན་བཀྲ་ཤིས་སྟེ་ཡོན་ཏན་ཆེའོ།།
གསུམ་པ་ལྡན་ཚུལ་ངོས་བཟུང་བ་ནི།  ས་པདྨ་འདབ་བརྒྱད་དུ་ཡོད་པ། གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ། རྒྱབ་རི་མཐོ་བ། བྱང་རི་སྣུམ་པ། གཡས་དར་དཀར་གྱི་ཡོལ་བར་འདྲ་བ། གཡོན་རི་སྤུངས་པ་འདྲ་བ། མདའ་ཕྱག་རྒྱ་བསྣོལ་པ་འདྲ་བ། རི་ཐམས་ཅད་སྣོམ་ཞིང་ཁེངས་པ། མདོར་ན་ནུབ་མཐོ། བྱང་སྐྱོབ། ཤར་གཞོལ། ལྷོ་འདུས། མདུན་ཐང་། ཞིག་དགོས་པ་ཡིན།
༼ཉི་མ་རྒྱལ་མཚན་གྱིས་བྲིས་པའི་བོད་ཀྱི་འཛེམ་སྤང་གི་རིགས་དང་དེའི་ཁྱད་ཆོས་སྐོར་བཤད་པ་ལས་དྲངས།༽


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1