ལུས་རྩལ་པ་ཟླ་བ་སྐྱིད་ལྷས་སྨི་3000ཡི་འགྲན་ཚན་དུ་ཨང་དང་པོ་བླངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08


        གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ་6ཚེས་5ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཟླ་བ་སྐྱིད་ལྷས་རྒྱུག་འབྲས་སྐར་མ་9དང་སྐར་ཆ་59སྐར་ཆུང་74ཡི་ཐོག་ནས་2017ལོའི་རྒྱལ་ཡོངས་ཀྱི་ན་གཞོན་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་སྨི་3000འགྲན་ཚན་གྱི་ཨང་དང་པོ་བླངས་པ་རེད།
        མཚམས་སྦྱོར་བྱས་པར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ནི་ཟླ་6ཚེས་3ཉིན་ནས་ཚེས་5ཉིན་བར་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨེར་ཏུའོ་སི་གྲོང་ཁྱེར་དུ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་ཀྱིས་ལུས་རྩལ་པ་བསོད་ནམས་ཚེ་རིང་དང་། བཀྲ་ཤིས་རྡོ་རྗེ། ཟླ་བ་སྐྱིད་ལྷ། བསྟན་སྐྱིད་བཞི་པོ་མངགས་ཤིང་། ཁོང་ཚོ་ནི་སྐྱེས་པའི་སྨི་5000དང་སྨི་10000 སྨི་3000བཅས་ཀྱི་འགོག་ལྡན་རྒྱུག་རྩལ་འགྲན་བསྡུར་དང་། བུད་མེད་ཀྱི་སྨི་1500དང་སྨི་3000 སྨི་5000བཅས་ཀྱི་འགྲན་ཚན་ལ་ཞུགས་ཡོད་པ་རེད། དེའི་ནང་། ཟླ་བ་སྐྱིད་ལྷས་རྒྱུག་འབྲས་སྐར་མ་9དང་སྐར་ཆ་59སྐར་ཆུང་74ཡི་ཐོག་ནས་བུད་མེད་ཀྱི་སྨི་3000ཡི་ཨང་དང་པོ་བླངས་པ་དང་། རྒྱུག་འབྲས་སྐར་མ་17དང་སྐར་ཆ་29སྐར་ཆུང་15ཡི་ཐོག་ནས་བུད་མེད་ཀྱི་སྨི་5000ཡི་ཨང་གཉིས་པ་བླངས་པ། རྒྱུག་འབྲས་སྐར་མ་4དང་སྐར་ཆ་50སྐར་ཆུང་82ཡི་ཐོག་ནས་བུད་མེད་ཀྱི་སྨི་1500ཡི་ཨང་བདུན་པ་བླངས་པ་རེད། སྐྱེས་པའི་ཕྱོགས་ནས། བསོད་ནམས་ཚེ་རིང་གིས་ཟླ་6ཚེས་3ཉིན་གྱི་སྔ་དྲོར་སྤེལ་བའི་སྐྱེས་པའི་སྨི་10000ཡི་རྟིང་རྩོད་འགྲན་བསྡུར་ནང་རྒྱུག་འབྲས་སྐར་མ་31དང་སྐར་ཆ་42སྐར་ཆུང་67གྱི་ཐོག་ནས་ཨང་གཉིས་པ་བླངས་པ་རེད།
        གསར་འགོད་པས་ད་དུང་ཤེས་རྟོགས་བྱུང་གསལ་དུ། ཟླ་6ཚེས་3ཉིན་ནས་ཚེས་6ཉིན་བར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་འགྲན་བསྡུར་རམ་2017ལོའི་ཐའེ་ཅི་ཆོན་བདེ་ཐང་ལས་གཞིའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཐའེ་ཅི་ཆོན་ཡོངས་བསྒྲགས་འགྲན་བསྡུར་(ཏུའུ་ཅང་ཆུ་རགས་འགྲན་ཁུལ་)སི་ཁྲོན་ཞིང་ཆེན་ཏུའུ་ཅང་ཆུ་རགས་གྲོང་ཁྱེར་གྱི་ཧྥེ་ལུང་ལུས་རྩལ་ཁང་དུ་སྤེལ་ཞིང་། འགྲན་བསྡུར་ནང་བོད་རང་སྐྱོང་ལྗོངས་ཀྱིས་བདམས་ཐོན་པ་6མངགས་ཡོད་པ་རེད། དེའི་ནང་། ཚེ་དཔལ་ལྷ་མོར་བུད་མེད་BDཚོགས་པའི་སྲོལ་རྒྱུན་དབྱང་ཚང་ཐའེ་ཅི་ཆོན་གྱི་བྱ་དགའ་ཨང་དང་པོ་དང་བུད་མེད་BDཚོགས་པའི་སྲོལ་རྒྱུན་གོ་མཚོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བཀྲ་སངས་ཀྱིས་བུད་མེད་BDཚོགས་པའི་སྲོལ་རྒྱུན་དབྱང་ཚང་ཐའེ་ཅི་ཆོན་གྱི་བྱ་དགའ་ཨང་དང་པོ་བླངས་པ། ཉི་མ་དགྲ་འདུལ་དང་ཟླ་ཆུང་གཉིས་ལ་སྐྱེས་པའི་Dཚོགས་པའི་སྲོལ་རྒྱུན་དབྱང་ཚང་ཐའེ་ཅི་ཆོན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།
        དུས་མཚུངས་སུ། བོད་ལྗོངས་འཐུས་མི་རུ་ཁག་ལ"ཚོགས་པའི་བྱ་དགའ་ཨང་དང་པོ"དང"དྲག་རྩལ་བྱང་ཚད་དར་སྲོལ་བྱ་དགའ"ཡང་ཐོབ་པ་རེད།  གཞན་ཡང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་གཟེབ་ནང་རྐང་གྲུག་འགྲན་བསྡུར་ལྷོ་ནུབ་འགྲན་ཁུལ་གྱི་འགྲན་བསྡུར་ནང་། བོད་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་བྱས་ནས་འགྲན་བསྡུར་འདིར་ཞུགས་པའི་ལྷ་སའི་ས་གཙང་སྐྱེས་པའི་རྐང་གྲུག་རུ་ཁག་གིས་རྟིང་རྩོད་འགྲན་བསྡུར་ནང་འགྲན་ཡ་ཁྲོང་ཆིང་རུ་ཁག་མ་ཐུབ་པར་ལྷོ་ནུབ་འགྲན་ཁུལ་གྱི་ཨང་གཉིས་པར་གྱུར་པ་རེད། འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་འགྲན་རིམ་འདིའི་ནང་ལོ་རྒྱུས་ཐོག་གྲུབ་འབྲས་བཟང་ཤོས་ཐོབ་ཐེངས་ཤིག་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1