གཙོ་ངོས།>> དམངས་སྲོལ།>>གཉེན་སྟོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༧ཉིན།

རོང་བྲག་རྫོང་སོག་པོ་ཡུལ་ཚོའི་གཉེན་སྒྲིག་བྱེད་ཚུལ།

 
མནའ་མ་དང་མག་པ། 
སྟབས་ལེགས་པ་ཞིག་ལ་སོག་པོ་ཡུལ་ཚོའི་ལ་ཡུལ་ཞེས་པའི་གྲོང་གསེབ་ཏུ་གཉེན་སྟོན་བྱེད་པའི་དུས་དང་འཕྲད་བྱུང་། ལ་ཡུལ་གྲོང་པ་ནི་ལ་སྟེང་དངོས་མར་ཆགས་འདུག་པས་ལ་འདབས་ནས་ལ་སྟེང་བར་ཆུ་ཚོད་བཞི་ཙམ་འགྲོ་དགོས། གཉེན་སྟོན་དེ་ནི་མག་པ་ཁྲིད་རྒྱུ་ཞིག་རེད་འདུག་ལ་སློང་མཁན་ཚང་དང་མག་པའི་ཁྱིམ་ཚང་བར་ན་ཐག་རིང་པོ་མི་འདུག ང་ཚོ་ཐོན་དུས་མག་པ་ཚང་ནས་མགྲོན་པོ་སོགས་ལ་ཟས་རིགས་སྣ་ཚོགས་བསྒྲིགས་ཅིང་མག་པ་སྐྱེལ་རྒྱུའི་གྲ་སྒྲིག་པའི་སྒང་དང་ཕྲད་བྱུང་། དེ་ཡང་མགྲོན་པོ་དང་རོགས་མི་ཧ་ཅང་མང་བས་ཁྱིམ་ནང་མ་ཟད་རྨོས་པའི་དུས་ལ་མ་སླེབས་པའི་སྒོ་ཞིང་ཡང་ཟས་ཁང་དུ་གྱུར་ཅིང་། དེའི་ནང་སྟོན་མོ་འདིའི་ཆེད་དུ་ཐབ་ཀ་ཆེན་པོ་ཞིག་བརྩིགས་ཏེ་ཟས་རིགས་གཡོ་བར་བྲེལ་བཞིན་འདུག་སྒོ་ཞིང་ནང་དུ་བཀྲམ་པའི་ཅོག་ཙེ་རེ་རེའི་སྟེང་དུ་ཟ་ཐུར་གྱིས་གཡུང་དྲུང་རེ་བསྒྲིགས་པ་ལས་ཡུལ་འདིས་བོན་ལ་དད་པ་རྟོགས་ཤིང་། ཆང་འཐུང་དུས་སོག་མའི་སྦུ་གུ་རེ་ཤེལ་དམ་མམ་དེ་མིན་གྱི་ཆང་ལྡུག་སྣོད་དུ་བཅུག་ཏེ་ཁ་ནས་འཇིབ་པ་ནི་དེ་སྔོན་བདག་གིས་མཐོང་མ་མྱོང་བའི་ཡུལ་སྲོལ་ཞིག་ཏུ་མཆིས། ཕྱི་དྲོའི་ཟས་ཟོས་རྗེས་མག་པ་ལམ་དུ་ཞུགས་པའི་དུས་ལ་སླེབས་ཤིང་ཁང་པའི་སྟེང་འོག་ར་བ་དང་བཅས་པར་མི་ཚོགས་རྣམས་བྲེལ་བས་འུར་ཟིང་དུ་གྱུར་སོང་། དེ་དུས་ང་ཚོས་ཀྱང་གོ་རིམ་རྣམས་བརྙན་ཕབ་ལེགས་པོར་ཐུབ་ཆེད་སྔ་ཙམ་ནས་མག་པ་སྐྱེལ་བའི་མི་ཚོགས་ཧ་ཅང་གྲ་འགྲིག་པོའི་ངང་ནས་ག་ལེར་འོང་བ་མཐོང་། ན་གཞོན་བརྒྱ་གྲངས་ལོངས་པའི་སྐྱེལ་མའི་གྲལ་ནི་ཧ་ཅང་རིང་ཞིང་བརྗིད་ཉམས་ཀྱིས་ཕྱུག་པའི་སྣང་བ་སྟེར། ཁྱིམ་དུ་སླེབ་ལ་ཉེ་བའི་ལམ་དུ་ལོ་ན་ཅུང་ཙམ་རྒས་པ་གཉིས་ཀྱིས་ཅོག་ཙེ་དང་ས་གདན་སྟབས་བདེ་མོ་ཞིག་བསྒྲིགས་ནས་བསུ་ཆུང་ཕུལ་རྗེས་སྐྱེལ་མ་དང་བཅས་པ་བསང་དུད་དང་གླུ་དབྱངས། ཤོག་སྦག་གི་སྒྲ་སོགས་ཀྱི་ཁྲོད་ནས་ཁྱིམ་དུ་འཛུལ་སོང་། །ཡུལ་འདིར་བག་མའམ་མག་པ་སྐྱེལ་མ་དང་བཅས་པ་རྐང་ཐང་ཁོ་ན་ལས་རྟ་སོགས་ཞོན་པའི་སྲོལ་མེད་པའི་རྒྱུ་མཚན་ནི། གྲོང་པ་ཕལ་ཆེར་རི་ལ་ཆགས་ཤིང་སྐྱེལ་འདྲེན་གྱི་ཡོ་བྱད་སྤྱོད་མི་བདེ་བ་ལ་ཐུག་འདུག ཡུལ་མི་དག་ལ་འདྲི་རྩད་བྱས་པ་ལས་སྐྱེལ་མི་མང་བའི་སྲོལ་འདི་དར་ནས་ཡུན་རིང་སོང་མི་འདུག་ལ་ད་དུང་ཡང་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པར་རྟོགས་བྱུང་། དེ་ནི་ཁྱིམ་ཚང་དག་གི་བློ་ངོར་གཉེན་བཤེས་མང་ཉུང་དང་སྟོབས་ཤུགས་ཆེ་ཆུང་མཚོན་ཞིང་། མ་གཞི་ཐོག་མར་གཉེན་རྒྱུད་རྐྱང་པས་སྐྱེལ་མོད། རྗེས་ནས་གྲོགས་པོ་རྣམས་ཀྱིས་ཀྱང་སྐྱེལ་བར་བྱས་པས་རིམ་བཞིན་ཇེ་མང་དུ་འཕེལ་བ་ཞིག་རེད། 
   མི་ཚོགས་ཁྱིམ་དུ་སླེབས་ནས་བཟུང་གླུ་དབྱངས་དང་དགོས་སྒྲས་ཁེངས་ཤིང་མག་པ་དང་སྐྱེལ་མ་རྣམས་ཀྱིས་ཟ་ས་ཟོས་ནས་ངལ་གསོ་ཅུང་བྱས་རྗེས། 
  ཧ་ལམ་མཚན་མོ་ཆུ་ཚོད་བཅུ་ཙམ་གྱི་ཐོག་ཏུ་ཞང་པོས་དར་བཤད་བྱེད་རྒྱུའི་འགོ་བཙུགས་སོང་། གཏམ་གྱི་ནང་དོན་ནི་ཕལ་ཆེ་བ་ཁྱིམ་ཚང་གཅིག་ཏུ་གྱུར་པའི་གཞོན་ནུ་ཕོ་མོ་གཉིས་ལ་བསླབ་བྱ་གནང་བ་དང་སྨོན་ལམ་འདེབས་པ་རེད་འདུག འདིར་རང་གི་ཕ་ཡུལ་གྱི་གནས་ཚུལ་དང་བསྡུར་ཏེ་བལྟས་ཚེ་གནས་ཚུལ་གལ་ཆེ་བ་ཞིག་མཐོང་བ་ནི། ངའི་ཕ་ཡུལ་མི་ཉག་ཕྱོགས་སུ་ཡང་གཉེན་སྟོན་སྐབས་སུ་ཞང་པོ་ཡིས་གཏམ་བཤད་ཡོད་ཅིང་གཉེན་སྟོན་དེའི་མི་སྣ་ཆེས་གལ་ཆེ་བ་ཞིག་ཡིན་མོད། དེ་ནི་ཞང་པོ་དངོས་མིན་པར་གཉེན་སྟོན་གྱི་འགྲོ་ལུགས་ལ་ཤིན་ཏུ་བྱང་ཞིང་དར་བཤད་ཕུན་སུམ་ཚོགས་པ་བརྗོད་ཤེས་པ་ཞིག་གིས་བྱེད་པ་ཡིན། དེ་ཡང་སྐྱེ་བོ་དེ་འདྲ་ཁ་ཤས་རྒྱུན་དུ་གཉེན་སྒྲིག་བྱེད་པའི་ཁྱིམ་ཚང་ཁག་གིས་གདན་འདྲེན་ཞུ་ཙང་དེ་དག་ནི་ཆེད་ལས་པ་ལྟ་བུར་གྱུར་ཡོད། འོན་ཏེ་ཡུལ་འདི་ན་ནི་ཞང་པོ་དེ་ཤ་ཁྲག་རུས་པའི་གཏིང་ནས་ཐོབ་པའི་ཞང་པོ་རེད་འདུག  དེར་བརྟེན་འདི་གའི་ཞང་པོ་རྣམས་ལ་ཚ་བོ་ཚ་མོ་མང་པོ་ཡོད་ན་སྔ་ཙམ་ནས་དར་བཤད་ལ་སྦྱངས་ན་དགའ་བ་ལས། ཚ་བ་ཚ་མོ་ཚོས་གཉེན་སྒྲིག་བྱེད་ཉིན་ཁ་ནས་དར་བཤད་བུད་རྒྱུ་མེད་ན་ངོ་ཚའི་རྒྱུ་ཆེན་པོར་འགྱུར། ཁྱིམ་དེའི་ཞང་པོས་ཕལ་ཆེར་ཆུ་ཚོད་ལྔ་ཙམ་གྱི་རིང་ལ་དར་བཤད་བྱས་སོང་། ཡུལ་མི་དག་ལ་དྲིས་པ་ལས་ཞང་པོ་རྣམ་པས་དེ་ཙམ་བཤད་པ་སྤྱིར་བཏང་བ་ཡིན་པར་གོ།
   མཚན་མོ་ཆུ་ཚོད་གསུམ་བརྒལ་ཙམ་ནས་གཉེན་རྒྱུད་རྣམས་ཀྱིས་ཁ་དར་བཏགས་ཤིང་། ཕྱི་མི་སྟེ་གཉེན་རྒྱུད་མིན་པ་རྣམས་ཀྱིས་ནི་དེའི་ཕྱི་ཉིན་ལ་འདོགས་རྒྱུ་རེད་འདུག མཚན་མོ་ཆུ་ཚོད་བཞི་དང་ཕྱེད་ཙམ་ནས་ཁ་དར་བཏགས་ཟིན་ཏེ་བྲོ་འཁྲབ་རྒྱུའི་འགོ་བཙུགས་ཤིང་། ཁྱིམ་དུ་བྲོ་ར་མི་ཤོང་བས་སྒོ་ཞིང་ནང་དུ་སྐོར་བྲོ་འཁྲབ་པ་ལས་ཡུལ་དེ་དགའི་མི་རྣམས་གླུ་བྲོ་ལ་ཧ་ཅང་བྱང་བར་མཐོང་། 
     དེའི་ཕྱི་ཉིན་ཉིན་གུང་མ་ཡོལ་བར་དུ་རྩེད་མོ་སྣ་ཚོགས་ལ་རོལ་ཏེ་གུང་ཟས་ཟོས་རྗེས་མགྲོན་པོ་རྣམས་རིམ་བཞིན་འགྲོ་བའི་དུས་ལ་སླེབས་སོང་བ་ནི་གཉེན་སྟོན་དེའི་གོ་རིམ་དང་པོ་སྟེ་རྒྱ་ཆེ་ཞིང་གཙོ་ཆེ་བ་དེ་རྫོགས་འདུག དེ་ནས་གཞོན་ནུ་ཕོ་མོ་གཉིས་ཀྱི་གྲོགས་པོ་ཚང་མ་ཁྱིམ་ཚང་དེ་རུ་འཛོམས་པ་དང་མག་པའི་ཁྱིམ་དུ་ཡང་འགྲོ་བ་སོགས་བྱས་ཏེ་ཉིན་བཞི་ལྔ་ཙམ་ལ་བསྡད་དགོས་པ་ཡུལ་མིའི་ངག་ལས་ཐོས། 
    གོང་དུ་བཀོད་པ་རྣམས་ནི་སྟོན་མོ་དེའི་ཐོག་ཏུ་མཐོང་བ་རྣམས་གཙོ་བོར་བྱས་ཏེ་བརྗོད་པ་ཡིན་ལ། དེ་རྗེས་ཡུལ་མི་རྣམས་ལ་དྲི་བ་ནན་ཏན་བྱས་པ་ལས་གནས་ཚུལ་རྣམས་ཞིབ་ཙམ་ཞིག་ཤེས་བྱུང་།   དེ་ཡང་ཐོག་མར་གཞོན་ནུ་ཕོ་མོ་རྣམས་ཀྱིས་མཛའ་གྲོགས་འགུགས་པར་ཡུལ་སྲོལ་ཁྱད་མཚར་ཅན་ཞིག་སྣང་བ་ལ་ཕྱར་འགེབས་ཞེས་བརྗོད་བཞིན་འདུག དེ་ནི་རྩེད་མོ་རྩེ་བ་སོགས་མི་ཚོགས་འདུས་པའི་མཚན་མོར་ཕོ་གསར་རྣམས་ཀྱིས་ཕྲུག་གམ་ཕྱུ་པས་རང་གི་མགོ་བཀབ་ཅིང་འོངས་ནས་རང་གིས་འདོད་པའི་གཞོན་ནུ་མ་ལ་ཕྲུག་གམ་ཕྱུ་པ་དེས་མགོ་ལ་བཀབ་ནས་མཛའ་གཞས་འཐེན་པར་བྱེད། དེའི་དུས་གཞོན་ནུ་མས་རང་ལ་ཕྱུ་པ་འགེབས་པའི་ངོ་མི་མཐོང་ཞིང་སྐད་ངོ་མི་ཤེས་མོད། དེའི་གཟུགས་ཆེ་ཆུང་གོ་ཞིང་རྐང་པ་མཐོང་ཐུབ་པ་དང་དེ་མིན་ཉིན་དཀར་སྔོན་བརྡ་ཡོད་པ་སོགས་ལ་བརྟེན་ནས་ཕལ་ཆེར་སུ་ཡིན་ཧ་གོ་ཐུབ། དེར་བརྟེན་མཛའ་གཞས་འཐེན་རེས་བྱེད་པའི་ཁྲོད་ནས་མོ་རང་ཉིད་ཕོ་གསར་དེ་ལ་འདོད་པ་ཡོད་མེད་ཀྱི་རྣམ་འགྱུར་སྟོན་ཞིང་ཕོ་གསར་གྱིས་ཀྱང་གཞས་ཚིག་ལས་རེ་བ་ཡོད་མེད་རྟོགས་པ་དང་། རེ་བ་མེད་ན་གཞོན་ནུ་མ་བཏང་སྟེ་འགྲོ་བཞིན་ཡོད་ཅིང་རེ་བ་ལྡན་ན་མུ་མཐུད་ནས་མཛའ་གཞས་འཐེན་རེས་བྱེད། དེ་དུས་མཛའ་གཞས་མཁས་པ་དང་ཕྲད་པ་ཡིན་ན་ཕན་ཚུན་གྱི་སྙིང་གཏམ་ཚང་མ་གཞས་ཚིག་གིས་བརྗོད་རེས་བྱས་ཤིང་ཞག་ཧྲིལ་པོར་གཞས་འཐེན་ནའང་གཞས་ཚིག་མི་རྫོགས་ཞེས་ཡུལ་མིས་བཤད་བྱུང་།  གཞོན་ནུ་ཕོ་མོ་མང་པོ་ཕྱུ་པ་འགེབས་པ་ལ་བརྟེན་ནས་རིམ་བཞིན་བཟའ་ཚང་དུ་འགྱུར་མོད། ཕ་མའི་འདོད་པ་མཐུན་མིན་ནི་བོད་ཀྱི་ཡུལ་ཕྱོགས་གཞན་པ་དང་འདྲ་བར་ཤིན་ཏུ་གལ་ཆེ་བར་སྣང་། དེར་བརྟེན་ཕ་མས་ཐག་བཅད་དེ་མཉམ་དུ་འཇོག་པའང་མང་བར་འདྲ། ད་དུང་གཟབ་དགོས་པ་ཞིག་ལ་དཔལ་འབྱོར་ཆ་རྐྱེན་གྱིས་གཉེན་སྒྲིག་ལ་ཤུགས་རྐྱེན་ཆེ་བར་མཐོང་སྟེ། གཉེན་སློང་གཏོང་གི་སྐབས་སུ་ཁྱིམ་ཚང་གཉིས་པོས་ཕན་ཚུན་གྱི་དཔལ་འབྱོར་ཆ་རྐྱེན་ལ་མཐོང་ཆེན་བྱས་ཤིང་། ཡང་སྒོས་སུ་གཏོང་མིའི་ཕ་མས་རང་ཉིད་ཀྱི་བུའམ་བུ་མོ་ཆ་རྐྱེན་ཞན་པའི་ཁྱིམ་ཚང་དུ་མངག་མི་བྲ་བས་སློང་མིའི་ངག་ལས་དཔལ་འབྱོར་ཐད་ཀྱི་གནས་ཚུལ་ལ་ལེགས་པར་གསན་ངེས། དེར་བརྟེན་སློང་མིས་ཀྱང་ཁྱིམ་ཚང་དེར་མ་འོངས་པའི་འཆར་གཞི་རྣམས་ཐོག་མ་ནས་ངོ་སྤྲོད་གསལ་པོར་བྱེད་དགོས་ཏེ། དེའང་ཁྱིམ་དུ་མིང་སྲིང་མང་ན་དེ་དག་ལ་འཆར་གཞི་ཇི་འདྲ་ཡོད་པ་དང་། མག་པའམ་བག་མ་ལ་ཁྱིམ་ཚང་གི་དབང་ཆ་ཚང་མ་སྤྲད་རྒྱུའི་འཆར་གཞི་ཡོད་མེད་སོགས་ཐོག་མ་ནས་ངག་ཐོག་གི་གན་རྒྱ་ལྟ་བུ་ཡོད་པར་བྱེད་དགོས་འདུག
   གཉེན་སྒྲིག་བྱེད་སྐབས་ཀྱི་གོས་རྒྱན་ཐད་ལ། མི་ཉག་ས་ཁུལ་དུ་ཡིན་ན་གཉེན་སྒྲིག་ཐོག་གི་གཟབ་མཆོར་ཧ་ཅང་རྒྱས་པོ་སྤྲས་དགོས་ཤིང་། མག་པའམ་བག་མའི་གོས་རྒྱན་དེ་བས་ཀྱང་ཆེས་ཕུལ་དུ་ཕྱིན་པ་ཡོད་དགོས། དེར་བརྟེན་ཁྱིམ་ཚང་གཅིག་ལ་གོས་རྒྱན་ཚང་མ་འཛོམས་ཐུབ་པ་ཧ་ཅང་དཀོན་པས་གཉེན་སྟོན་སྐབས་སུ་ཁྱིམ་ཚང་མང་པོ་ནས་གཡར་བ་མང་ལ། ཞང་པོ་དང་སྐྱེལ་མའི་གོས་རྒྱན་མ་གཏོགས་དེ་མིན་ཚང་མ་སློང་མཁན་ཚང་གིས་གྲ་སྒྲིག་བྱེད་དགོས། འོན་ཏེ་འདིར་གོས་རྒྱན་ཚང་མ་སོ་སོའི་ཁྱིམ་ཚང་ནས་གྲ་སྒྲིག་བྱས་པ་སྟེ་སྐྱེལ་མི་དང་བསུ་མི་ཚང་མས་རང་རང་གི་རྒྱན་གོས་གྱོན་འོང་བ་མ་ཟད། མག་པའམ་བག་མས་ཀྱང་རང་གི་ཁྱིམ་ཚང་གིས་སྦྱིན་པའི་གོས་རྒྱན་ཞིང་རྒྱན་ཐོགས་དགོས་པ་དང་རྗེས་སུ་ཁྱིམ་ཚང་དེར་དངོས་སུ་འོང་དུས་ཀྱང་རྒྱན་གོས་དེ་རྣམས་ཁྱེར་ཡོང་དགོས། ཁོར་ཡུག་གམ་ལོ་རྒྱུས་ཀྱིས་རྐྱེན་པས་ས་གནས་དེ་གར་མག་པའམ་བག་མ་ཐག་རིང་ནས་བསུ་བ་དང་། ཡུལ་ཕྱོགས་ཐག་རིང་དུ་བརྫངས་པའི་སྲོལ་དེ་ཙམ་མི་དར། དེར་བརྟེན་གཉེན་ཐག་ཅུང་ཙམ་རིང་བའི་བར་དུ་གཉེན་སྒྲིག་བྱེད་པའི་གནས་ཚུལ་མང་ཙམ་སྣང་། །
  
མནའ་མས་མཆོད་འབུལ་བྱེད་པ། 

39.7K

རྩོམ་ཡིག་སྔོན་མ།
ཟོ་ཤེ
རྩོམ་ཡིག་རྗེས་མ།
མི་ཉག་གི་གཉེན་སྟོན།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1