《བོད་ཀྱི་མཛེས་རྩལ་ཀུན་བཏུས》ཀྱི་ཆེད་མཁས་པའི་གཏན་འབེབ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-23



ཚོགས་འདུའི་ཡུལ་དངོས་ཀྱི་འདྲ་པར།

        ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་《བོད་ཀྱི་མཛེས་རྩལ་ཀུན་བཏུས》ཀྱི་ཆེད་མཁས་པའི་གཏན་འབེབ་ཚོགས་འདུ་ཁྲེང་ཏུའུ་ཆིན་ཡཱང་ཁུལ་ཨེ་ཁི་མའེ་གསོལ་མགྲོན་ཁང་གི་ཉིས་ཐོག་ཏུ་གཟབ་རྒྱས་ངང་འཚོགས། ཚོགས་ཐོག་ཏུ་འདི་ག་དཔེ་སྐྲུན་ཁང་གིས་གདན་འདྲེན་ཞུས་པའི་ཆེད་མཁས་པ་གསུམ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་རྩོམ་སྒྲིག་པ་རྣམས་ཞུགས་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ་དང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁམས་སྐལ་བཟང་ཡེ་ཤེས་ལགས་ཀྱིས་དགོངས་འཆར་སྩོལ་བཞིན་པ།

        ཐེངས་འདིའི《བོད་ཀྱི་མཛེས་རྩལ་ཀུན་བཏུས》ཀྱི་དེབ་བཞི་གཏན་འབེབས་ཚོགས་འདུའི་ཐོག་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁམས་སྐལ་བཟང་ཡེ་ཤེས་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བློ་བཟང་བཀྲ་ཤིས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་ལགས་བཅས་ཕེབས་ཡོད་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་འགོ་གཙོའི་ལག་རོགས་པ་དང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། དེ་མིན་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་འབྲེལ་ཡོད་རྩོམ་སྒྲིག་པ་རྣམས་ཕེབས་པ་རེད། 

དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་དང་བློ་བཟང་བཀྲ་ཤིས་རྣམ་གཉིས།
        ཚོགས་ཐོག་ཏུ་ཐོག་མར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་ཀྱི་རྣམ་གྲངས་འགངས་ཆེའི་རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་རྒན་གྲས་དང་མཛེས་རིས་ཇུས་འགོད་པ་ཀརྨ་ཚེ་རིང་གིས་《བོད་ཀྱི་མཛེས་རྩལ་ཀུན་བཏུས》ཀྱི་རྣམ་གྲངས་ལག་བསྟར་བྱས་པའི་བརྒྱུད་རིམ་དང་དེའི་ཁྲོད་དུ་འཕྲད་པའི་དཀའ་ངལ། འབྱུང་འགྱུར་རྩོམ་སྒྲིག་བྱ་བའི་བླང་བྱ་སོགས་ཀྱི་ཕྱོགས་ནས་གདན་ཞུའི་ཆེད་མཁས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་སོགས་ལ་སྙན་ཞུ་ཕུལ། དེ་ནས་རྩོམ་སྒྲིག་པ་ལིས་ཡཱ་ལིན་གྱིས་ཐེངས་འདིའི་ཚོགས་འདུའི་ཐོག་གཏན་འབེབས་བྱ་གཞིར་གྱུར་བའི་དཔེ་དེབ་བཞི་པོ་ངོ་སྤྲོད་མདོར་བསྡུས་བྱས་རྗེས།《མཛེས་རིས་སྒྱུ་རྩལ་ལས་མངའ་རིས་ཀྱི་ལྡེབས་རིས་སྐོར》གྱི་རྩོམ་སྒྲིག་འགན་འཁུར་པ་པདྨ་ཚུལ་ཁྲིམས་དང་།《མཛེས་རིས་སྒྱུ་རྩལ་ལས་བྲག་རིས་ཀྱི་སྐོར》གྱི་རྩོམ་སྒྲིག་འགན་འཁུར་པ་ཚེ་ཕྱུག་རྒྱལ།《མཛེས་རིས་སྒྱུ་རྩལ་ལས་ཐང་པར་གྱི་སྐོར》གྱི་རྩོམ་སྒྲིག་འགན་འཁུར་པ་མགོན་པོ་སྐྱབས། 《འཇིམ་རྐོས་སྒྱུ་རྩལ་ལས་བོད་ལྗོངས་ཀྱི་རྡོ་རྐོས་སྐོར》གྱི་རྩོམ་སྒྲིག་པ་བསོད་ནམས་དོན་གྲུབ་བཅས་ཀྱིས་རང་རང་གིས་འགན་འཁུར་བའི་དཔེ་དེབ་ལ་རྩོམ་སྒྲིག་དང་ཞུ་དག་བྱས་པའི་སྐོར་གྱི་གནད་དོན་རྣམས་ཆེད་མཁས་པར་སྙན་སེང་དང་བཀའ་འདྲི་ཞུས། དེ་ནས་མཁྱེན་དཔྱོད་ཡངས་པའི་ཆེད་མཁས་པ་གསུམ་པོས་དཔེ་དེབ་རེ་རེའི་ཁྲོད་ཀྱི་མ་རྟོགས་དང་ལོག་རྟོག ཐེ་ཚོམ་སུ་གྱུར་བའི་གནད་རྣམས་ཁོལ་དུ་ཕྱུངས་ཏེ་སྐྱོན་སེལ་དང་མཛུབ་སྟོན་གང་ལེགས་གནང་བར་མ་ཟད།《བོད་ཀྱི་མཛེས་རྩལ་ཀུན་བཏུས》རྩོམ་སྒྲིག་བྱེད་སྐབས་དོ་སྣང་བྱ་དགོས་ས་སོགས་ཀྱི་ཐད་ནས་བཀའ་སློབ་ལམ་སྟོན་དུས་ཐོག་ཆར་བ་ལྟ་བུ་གནང་།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་གནང་བཞིན་པ།

        མཇུག་མཐར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཐེངས་འདིའི་གཏན་འབེབས་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ། ཚོགས་འདུའི་ཐོག་ཆེད་མཁས་པ་གསུམ་པོས་བོད་ཀྱི་མཛེས་རྩལ་ཀུན་བཏུས་ཀྱི་དེབ་བཞི་པོའི་བརྡ་ཆད་དང་ནང་དོན། པར་རིས་སོགས་ཀྱི་ཐད་ནས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་དགོངས་འཆར་ལྷུག་སྩོལ་གནང་བ་བཞིན་ངེད་རྩོམ་སྒྲིག་པ་རྣམས་ཀྱིས་དག་བཅོས་དང་བསྐྱར་ཞིབ་བྱས་ཏེ་དེབ་བཞི་པོ་འདི་སྔར་ལས་ལྷག་པའི་སྒོ་ནས་སྤུས་དག་དང་འཐུས་ཚང་ཞིག་ཡོང་བར་འབད་པ་བྱ་རྒྱུ་ཡིན་ནོ། ། 
ཆེད་མཁས་པ་དང་རྩོམ་སྒྲིག་པ་ལྷན་རྒྱས་ཀྱི་མཉམ་པར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1