མའོ་རྫོང་ཞིན་མའོ་གྲོང་སྡེར་རི་ཉིལ་གནོད་འཚེ་བྱུང་སྟེ་མི་100རྐྱེན་ལམ་དུ་ཤོར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 06-24




        གསར་འགོད་པས་མའོ་རྫོང་དྲལ་བསྒྲགས་པུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། 2017ལོའི་ཟླ་6་པའི་ཚེས་24ཉིན་གྱི་ཆུ་ཚོད་6ཡས་མས་སུ་མའོ་རྫོང་ཏའེ་ཞི་གྲོང་རྡལ་ཞིན་མའོ་གྲོང་སྡེར་གློ་བུར་དུ་རི་ཉིལ་གནོད་འཚེ་བྱུང་ཤིང་རི་ཉིལ་གཞི་ཚད་ཚད་ལེན་བྱེད་ཐབས་བྲལ། ཆུ་བོའི་བཞུར་ལམ་སྤྱི་ལེ་2བཀག་པ་དང་། ཁྱིམ་ཚང་40ལྷག་དང་མི་100ལྷག་འདམ་རུད་འོག་མནན་པ་རེད། 
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་རྔ་བ་ཁུལ་མའོ་རྫོང་ཏའེ་ཞི་གྲོང་རྡལ་ཞིན་མའོ་གྲོང་སྡེའི་རི་ཉིལ་ཆེན་པོའི་གནོད་སེལ་རོགས་སྐྱོར་ལས་ཀར་མཛུབ་སྟོན་གལ་ཆེན་གནང་ཤིང་། ནུས་ཤུགས་ཡོད་དགུས་འདམ་རུད་འོག་མནན་པའི་མི་སྣ་འཚོལ་སྐྱོབ་བྱས་ཏེ་མི་སྣ་ཤི་རྨས་གང་ནུས་ཀྱིས་ཇེ་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གནོད་སེལ་རོགས་སྐྱོབ་ལས་ཀར་ཆོག་མཆན་མཛུབ་སྟོན་གནང་།  
        རྔ་བ་ཁུལ་མའོ་རྫོང་ཏའེ་ཞི་གྲོང་རྡལ་ཞིན་མའོ་གྲོང་སྡེར་རི་ཉིལ་གནོད་འཚེ་ཆེན་པོ་བྱུང་རྗེས། སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་དུས་ཐོག་ཏུ་མཛུབ་སྟོན་དང་བླང་བྱ་གནང་པར་མ་ཟད། མིག་སྔར། ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་དཔོན་དབྱི་ལི་ཡུལ་དངོས་སུ་ཕེབས་ནས་གནོད་སེལ་སྐྱོབ་རོགས་ལ་མཛུབ་སྟོན་གནང་བཞིན་ཡོད་པ་རེད། 

        རྔ་བ་ཁུལ་གྱིས་མགྱོགས་མྱུང་ངང་ས་གཤིས་གནོད་སྐྱོན་རིམ་པ་དང་བོའི་མཁོ་བསྟུན་གནོད་སེལ་གྱི་འགོ་བརྩམས་པ་དང་། ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁེ་ཉིང་གིས་འབྲེལ་ཡོད་སྡེ་ཁག་གི་མི་སྣའི་སྣེ་ཁྲིད་ནས་ཡུལ་དངོས་སུ་ཕེབས་པར་མ་ཟད། ཁྱིམ་མཚེས་རྫོང་ཁག་ལ་མཁོ་བསྟུན་རོགས་སྐྱོར་བཀོད་སྒྲིག་བྱས་ཤིང་། མའོ་རྫོང་རྫོང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡུལ་དངོས་ནས་གནོད་སེལ་སྐྱོབ་རོགས་ལས་ཀ་སྒྲུབ་བཞིན་ཡོད་པ་རེད། 

       ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དབྱང་ཁེ་ཉིང་གིས་མའོ་རྫོང་ཏའེ་ཞི་གྲོང་རྡལ་ཞིན་མའོ་གྲོང་སྡེར་རི་ཉིལ་གནོད་འཚེ་ཆེན་པོ་བྱུང་བར་མཛུབ་སྟོན་གལ་ཆེན་གནང་ཡོད་དེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། མའོ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་ཚད་མཐོན་པོས་མཐོང་ཆེན་དང་མཁོ་བསྟུན་རོགས་སྐྱོར་བྱེད་དགོས་ཤིང་། ཁུལ་རྫོང་གི་མཁོ་བསྟུན་རོགས་སྐྱོར་བཀོད་འདོམས་པུའུ་བཙུགས་ནས་འཕྲུལ་ཆས་དང་སྨན་བཅོས་མི་སྣ་འཕྲལ་མར་རྩ་འཛུགས་དང་ཕྱོགས་སོ་སོའི་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཚེ་སྲོག་བླ་ན་མེད་པ་དང་བདེ་འཇགས་ཨང་དང་བོའི་རྩ་དོན་ལྟར་འགྲོ་འོང་གི་མི་སྣ་ཚོད་འཛིན་དང་ཚན་རིག་དང་ལྡན་པས་རོགས་སྐྱོར་བྱེད་དགོས། མི་སྣ་ཤི་རྨས་ཐེབས་ཚད་གང་ནུས་ཀྱིས་ཇེ་ཉུང་དུ་གཏང་དགོས་པ་སོགས་མཛུབ་སྟོན་རབ་དང་རིམ་པ་མཛད།
       མིག་སྔར། མའོ་རྫོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་གཤིས་གནོད་སྐྱོན་རིམ་པ་དང་བོའི་མཁོ་བསྟུན་གནོད་སེལ་གྱི་འགོ་བརྩམས་ཤིང་། མཁོ་བསྟུན་སྐྱོབ་རོགས་གནོད་སེལ་བཀོད་འདོམས་པུའུ་བཙུགས་ཡོད། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་ཡུལ་དངོས་ནས་བཀོད་འདོམས་བྱེད་པ་དང་། རྫོང་སྤྱི་བདེ་ཅུས་དང་འགྲིམ་འགྲུལ། འཕྲོད་བསྟེན་བུ་བཙའ་འཆར་ལྡན་སོགས་འབྲེལ་ཡོད་ལས་ཁུངས་དང་དྲག་དཔུང་ཉེན་རྟོག་དང་དམངས་དམག་སོགས་ཕྱོགས་མང་བོ་ནས་རོགས་སྐྱོར་མི་སྣ་400ལྷག་ཡུལ་དངོས་སུ་ནས་ཐོན་ནས་རོགས་སྐྱོར་བྱེད་བཞིན་ཡོད་པ་རེད། 

མའོ་རྫོང་གི་གནམ་གཤིས་གནས་ཚུལ།
ཏའེ་ཞི་གྲོང་རྡལ་གྱི་གནམ་གཤིས་གནས་ཚུལ།
གནོད་ཐེབས་ཡུལ་དངོས་ནས་མྱུར་སྐྱོབ་བྱེད་ཐུབ་བྱུང་བའི་མི་གསུམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1