ཧི་མ་ལའི་རིག་མཛོད་ཆེན་མོའི་དཔྱད་ཞིབ་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།

དཀོན་རྡོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-10


        སྤྱི་ཟླ་7པའི་ཚེས་8ནས་ཚེས་9ཉིན་བར་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ལྷན་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལོ་ལྔའི་འཆར་བཅུ་གསུམ་པའི་ལས་གཞི་གལ་ཆེན་ཏེ་ཧི་མ་ལའི་རིག་མཛོད་ཆེན་མོའི་བོད་མི་རིགས་ཀྱི་དཔེ་རྙིང་བསྡུ་སྒྲིག་པར་སྐྲུན་དཔྱད་ཞིབ་གྲོས་ཚོགས་དེ་ཁྲེན་ཏུའུ་རུ་འཚོགས་པ་རེད།

        ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་མདོ་དབུས་ཁམས་གསུམ་གྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཧི་མ་ལའི་རིག་མཛོད་ཆེན་མོའི་ཚན་པ་དབྱེ་སྟངས་དང་སྒྲིག་སྟངས་ཐད་གྲོས་མོལ་དང་དགོངས་འཆར་བསྡུ་ལེན་བྱ་རྒྱུ་དེ་རེད།

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་པ་གཙོ་བོ་དགྲ་འདུལ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་སྐལ་བཟང་རྒྱལ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་གྲངས་ཉུང་མི་རིགས་དཔེ་རྙིང་བསྡུ་སྒྲིག་ཁང་གི་དབུ་ཁྲིད་རྒན་པ་ལི་ཏུང་ཧྲེན། སི་ཁྲོན་མི་རིགས་དོན་གཅོད་ཨུ་ལྷན་གྲངས་ཉུང་མི་རིགས་དཔེ་རྙིང་བསྡུ་སྒྲིག་ཁང་གི་ཀྲུའུ་རེན་ལོང་ཡོན། སི་ཁྲོན་རིག་གནས་ཐིང་གི་སྔོན་གྱི་འགན་འཛིན་གཞོན་པ་ཚེ་པོ། ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ་སོགས་ཕེབས་ཡོད་པ་དང་། དེ་མིན་བོད་ཀྱི་མཁས་དབང་ཆེན་མོ་འཇམ་དཔལ་རྒྱ་མཚོ། ནོར་བྲང་ཨོ་རྒྱན། འཇུ་སྐལ་བཟང་། དཀོན་མཆོག་བསྟན་འཛིན། སྡེ་རོང་ཚེ་རིང་དོན་འགྲུབ། བཙན་ལྷ་ངག་དབང་ཚུལ་ཁྲིམས། དཔའ་རིས་སངས་རྒྱས། རྒྱལ་མོ་འབྲུག་པ། ཁ་སྒང་བཀྲ་ཤིས་ཚེ་རིང་། ཨ་སྔགས་ཚེ་རིང་བཀྲ་ཤིས། ཚེ་རིང་འགྱུར་མེད། རྒྱ་ཡེ་བཀྲ་བྷ། གསང་སྔགས་རྡོ་རྗེ། དགོན་སྡེ་ཕྱོགས་ཀྱི་མཁས་དབང་ཚུལ་ཁྲིམས་བློ་གྲོས། དོར་ཞི། འཇམ་དཔལ་བློ་ཤེར། སྒོ་ཤེར། ལྡོང་ཡོན་ཏན་རྒྱ་འཚོ་སོགས་མཁས་དབང་60ལྷག་ཚོགས་འདུར་ཕེབས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1