ཉང་གཡག་རྒྱུད་བཟང་དར་བས་ཕྱུག་འགྱུར་ལམ་སྣེ་ཟིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 07-13


 
        ས་མཐོའི་གཅེས་ནོར་རུ་གྲགས་པའི་འབྲི་གཡག་ནི་འབྲོང་གི་རྒྱུད་པ་ཡིན་ཞེས་འབོད་ཅིང་། ནོར་ནག་ནི་ས་མཐོའི་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ནང་མེད་ཐབས་མེད་པའི་འཚོ་རྟེན་ཞིག་ཡིན། 

        དེ་ཡང་བོད་ལྗོངས་ནག་ཆུ་ས་ཁུལ་ལྷ་རི་རྫོང་གིས་ཉང་གཞུང་ལུང་པར་འབྲི་གཡག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་གསུམ་བཙུགས་ནས། འབྲོག་པའི་སྒོ་ཕྱུགས་གསོ་བའི་སྲོལ་རྒྱུན་དང་དེང་རབས་ཚན་རྩལ་གཉིས་ཟུང་འབྲེལ་བྱས་ཏེ་འབྲོག་ལས་ཐོན་རྫས་ཁྲོམ་ར་ཅན་ལ་བསྒྱུར་བས་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་སྦྲགས་འབྲོག་ལས་ལ་གསོན་ཤུགས་གསར་པ་འཕེལ་ཡོད། 

        ང་ཚོ་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱི་བདེ་སྐྱིད་ལྡན་པའི་བོད་ལྗོངས། དཀའ་སྤྱད་འབད་འཐབ་ཀྱི་ལོ་ལྔ་ཞེས་པའི་བཅར་འདྲི་ཚོགས་ཆུང་དང་པོས་བོད་ལྗོངས་ལྷ་རི་རྫོང་ཉང་གཞུང་འབྲི་གཡག་རྒྱུད་བཟང་གསོ་སྤེལ་རྟེན་གཞིར་ཉང་གཡག་ནོར་གྱི་ཐོན་ལས་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སིའི་འབྲི་གཡག་རྒྱུད་བཟང་གསོ་སྤེལ་སྐོར་ལ་རྒྱུས་ལོན་བྱས་པ་ཡིན། 

        ཉང་གཡག་ནོར་གྱི་ཐོན་ལས་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སི་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ་གནས་ཤིང་། སྤྱི་ལོ་2015ལོར་བཙུགས་པ་དང་། ཐོན་ལས་རྟེན་གཞི་དེ་ནི་ས་གནས་དེ་གའི་འབྲོག་པ་དང་མཉམ་ལས་ཁང་། ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་ཚན་རྩལ་ལ་བརྟེན་ནས་ཐོན་ལས་བྱེད་པའི་ཉང་གཞུང་ལུང་པའི་དམིགས་བསལ་གྱི་ལྷས་ར་ཞིག་ཡིན་ཞིང་། ཀུང་སིའི་ནང་ད་ལྟ་ལས་མི་21དང་། དངོས་ཞུགས་ལས་མི་4གླ་པ་17བཅས་ཡོད། 

        ཉང་གཡག་ནོར་གྱི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ལྷ་རི་རྫོང་གི་འབྲོག་པའི་སྲོལ་རྒྱུན་ལྷས་ར་བསྒྱུར་བཀོད་བྱས་ཏེ་ཚན་རྩལ་ཟུང་འབྲེལ་གྱིས་འབྲི་གཡག་གསོ་སྤེལ་བྱེད་པའི་རྟེན་གཞི་ཞིག་ཡིན་ཞིང་། སྤྱི་ལོ་2014ལོ་ནས་སྤྱི་ལོ་2015ལོ་བར་ལྷ་རི་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཞིང་འབྲོག་ཅུས་སོགས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག མ་དངུལ་སྒོར་ཁྲི་517བཏང་ནས་ཀུང་སིའི་ལས་མི་ཡོངས་ལ་སྡོད་ཁང་དང་གཞུང་ལས་ཁང་སོགས་བསྐྲུན་པས་གང་དེས་ཉང་གཡག་ནོར་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། 

        དེ་ཡང་དམིགས་བསལ་གྱི་ལྷས་ར་ཞེས་འབོད་དོན་ནི། སྲོལ་རྒྱུན་གྱི་ལྷས་རའི་འབྲི་གཡག་དང་བསྡུར་ན་ཁྱད་ཆོས་ཆེན་པོ་གསུམ་ལྡན་ཡོད་པ་སྟེ། དེ་ཡང་གཅིག་ནི། འབྲི་གཡག་གི་སྤུས་ཚད་ཐད་ས་ཁམས་ཀྱི་བཟང་ཆའི་དབང་གིས་ཉང་གཞུང་ལུང་པའི་རྒྱུད་བཟང་འབྲི་གཡག་ཁོ་ན་ཡིན་པ། གཉིས་ནི། སྲོལ་རྒྱུན་གྱི་འབྲི་གཡག་གསོ་སྟངས་དང་བསྡུར་ན་རྒྱུན་ལྡན་གྱི་འབྲི་གཡག་རྩྭ་སར་དེད་ནས་འཚོ་བ་ཁོ་ན་མ་ཡིན་པར་ད་དུང་སྔ་དགོང་གཉིས་ལ་གཟན་རྩྭ་སྟེར་ནས་གསོ་ཚགས་བྱེད་པ། གསུམ་ནི། འབྲི་གཡག་གསོ་སྤེལ་ཐད་དེང་རབས་ཀྱི་ཚན་རྩལ་ལ་བརྟེན་པ་དང་། ཚན་རྩལ་མཁས་པས་འབྲི་གཡག་རྒྱུད་བཟང་གསོ་སྤེལ་ལ་ཁྲིད་སྟོན་བྱེད་པ་མ་ཟད་དེའི་ཐད་ཀྱི་ལག་རྩལ་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཡིན། དེ་དག་ནི་ཉང་གཡག་ནོར་གྱི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འབྲི་གཡག་རྒྱུད་བཟང་གསོ་སྤེལ་བྱ་ཐབས་ཀྱི་དམིགས་བསལ་ཁྱད་ཆོས་གལ་ཆེན་ཞིག་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1