མཛོད་དགེའི་དབྱར་སྟོན་དུས་ཆེན་སྤེལ་མགོ་ཚུགས་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཚེ་དཔལ། སྤེལ་དུས། 07-17


       (གསར་འགོད་པ། བསོད་ནམས་སྐྱིད།)ཟླ་7པའི་ཚེས་15ཉིན་གྱི་སྔ་དྲོར། 2017ལོའི་ཀྲུང་གོ་མཛོད་དགེའི་རྨ་ཁུགས་རྩྭ་ཐང་ཆེན་མོའི་རིག་གནས་ཡུལ་སྐོར་དུས་ཆེན་དང་དབྱར་སྟོན་དུས་ཆེན་གྱི་མཛད་སྒོ་མཛོད་དགེ་རྫོང་བཀྲ་ཤིས་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་དུས་སྟོན་མགོ་ཚུགས་པ་ཁྱབ་བསྒྲགས་གནང་།

      དེ་ཡང་དབྱར་སྟོན་ནི་མཛོད་དགེ་རྫོང་གི་དབྱར་ཁར་དགའ་བས་རྟེན་འབྲེལ་ཞུ་བ་དང་སྐྱིད་པའི་དུས་ཚིགས་རོལ་བའི་དུས་ཆེན་ཞིག་ཡིན། དེང་རབས་བོད་ཀྱི་སློབ་གསོ་བ་ཆེན་མོ་མཛོད་དགེ་བློ་བཟང་ཉི་མས་དཔྱིད་ལ་དཔྱིད་སྟོན་དང་དབྱར་ལ་དབྱར་སྟོན་ཡོད་ཅེས་གསུངས་པ་ལྟར། དབྱར་ཁ་དགའ་སྐྱིད་ཀྱིས་བསུ་བའི་དུས་ཆེན་ཞིག་ཡིན། རོང་ཁུལ་གྱི་བོད་རྩིས་ཀྱི་ཟླ་ལྔ་བ་དང་འབྲོག་ཁུལ་དུ་བོད་རྩིས་ཀྱི་ཟླ་དྲུག་པའི་ཟླ་དཀྱིལ་དུ། ཁྱིམ་ཚང་རེ་རེ་ཕྱི་རོལ་ཏུ་སྤྲོ་གསེང་ལ་འགྲོ་བ་དང་། སྡེ་བ་རེ་རེར་ལྷན་དུ་འཛོམས་ནས་རི་མཐོ་སར་འཛེགས་ནས་མཛེས་ལྗོངས་ལ་བལྟ་བ་དང་། བསང་མཆོད་བྱེད་པ་རེད། མཛེས་ཤིང་སྐྱིད་པའི་ཐང་ལ་སྒར་བརྒྱབ་ནས་དུས་ཀྱི་བསིལ་དྲོད་མྱོང་བཞིན་ཞིམ་པའི་ཟས་རིགས་ལོངས་སུ་སྤྱོད་པ་རེད། ན་གཞོན་ཚོས་རྟ་རྒྱུག་དང་ཤེད་འགྲན་པ། མདའ་འཕེན་པ་རེད། སྐྱེས་མ་ཚོས་གླུ་ལེན་གར་འཁྲབ་བྱེད། རྒན་རབས་པས་ལོ་རྒྱུས་སྙན་ངག་གྱེར་འདོན་དང་མེས་པོའི་བསླབ་བྱ་བརྒྱུད་སྤྲོད་བྱེད། ཀུན་གྱིས་རང་བྱུང་ཁམས་ཆེན་མོའི་བསིལ་དྲོད་རོལ་ནས་ངལ་དུབ་སེལ་བ་དང་སེམས་ཁམས་ཇེ་དྭངས་སུ་བསྒྱུར་བ་རེད། སྟོན་ཁར་ལོ་ལེགས་བསྡུ་བར་གྲ་སྒྲིག་བྱེད། ཉེ་བའི་ལོ་བཅུ་ལྷག་རིང་། དབྱར་སྟོན་སྔར་བས་གཟབ་ཅིང་རྒྱས་པ་ཞིག་ཡིན།

        བྱ་འགུལ་སྤེལ་ཡུན་གྱི་ཉིན་གསུམ་རིང་དུ་ཨ་མདོའི་དཀྲོལ་ལེན་འཁྲབ་སྟོན་དང་མེ་ཕུང་སྐོར་བྲོ། མཛོད་དགེའི་སྐོར་བྲོ་འཁྲབ་སྟོན། བོད་ཀྱི་རྣམ་ཐར་འཁྲབ་སྟོན། ཨ་མདོའི་རྟ་རྒྱུག་དུས་ཆེན། དམངས་སྲོལ་རིག་རྩལ་འཁྲབ་སྟོན། བྱ་དགའ་སྤྲོད་པའི་དགོང་ཚོགས། ཀྲུང་གོའི་ཆེས་ཡིད་འོང་གི་བརླན་ས་མཛོད་དགེའི་པར་རིས་འགྲེམ་སྟོན་སོགས་བྱ་རྒྱུ་རེད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1