སྐབས་གཉིས་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི“སེང་ལྕམ་འབྲུག་མོ”སྐྱེ་གཟུགས་འགྲན་བསྡུར་ཡུལ་ཤུལ་དུ་སྤེལ།

གངས་རྩེན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-25


        2017ལོའི་ཟླ་7པའི་ཚེས་22ཉིན་གྱི་ཕྱི་དྲོར། ཡུལ་ཤུལ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཁུལ་རིག་གནས་ཅུས་ཀྱིས་འགན་སྒྲུབ་བྱས་པའི་སྐབས་གཉིས་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སེང་ལྕམ་འབྲུག་མོའི་སྐྱེ་གཟུགས་འགྲན་བསྡུར་གེ་སར་ཕོ་བྲང་གསོལ་མགྲོན་ཁང་དུ་སྤེལ།   

        ཟླ་བ་བདུན་པའི་ཟླ་འགོར་ཡུལ་ཤུལ་ཁུལ་ཡོངས་ཀྱི་སྐྱེ་གཟུགས་ལེགས་པའི་བུད་མེད་དག་དྲ་ཐོག་ཏུ་རང་མོས་སྒོས་སྐབས་གཉིས་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་སེང་ལྕམ་འབྲུག་མོའི་སྐྱེ་གཟུགས་འགྲན་བསྡུར་ལ་ཐོ་འགོད་བྱས་ཏེ།  མཛེས་མ་120ལྷག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས། ཉིན་བརྒྱད་ཀྱི་རིང་དྲ་ཐོག་ཏུ་འདེམས་ཤོག་འཕངས་མཐར། མཛེས་མ་ཉི་མ་མཚོ་ལ་དྲ་ཐོག་དཔྱད་འདེམས་ཀྱི་དགའ་རྟགས་དང་པོ་དང་། འཆི་མེད་ཆོས་སྒྲོན་ལ་དགའ་རྟགས་གཉིས་པ། པདྨ་གཡང་འཛོམས་ལ་དགའ་རྟགས་གསུམ་པ་བཅས་ཐོབ་པར་མ་ཟད། སེང་ལྕམ་འབྲུག་མོ་སྐྱེ་གཟུགས་འགྲན་བསྡུར་དཔྱད་འདེམས་ཚོགས་པས་ཐོ་འགོད་བྱས་པའི་མཛེས་མའི་ཁྲོད་སྐྱེ་གཟུགས་ལྷག་ཏུ་མཛེས་པའི་བུད་མེད་ཉི་ཤུ་བདམས་ཏེ། “སེང་ལྕམ་འབྲུག་མོ”སྐྱེ་གཟུགས་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་བསྡུས།  

        ཚེས་22ཉིན་གྱི་ཕྱི་དྲོར། གེ་སར་ཕོ་བྲང་གསོལ་མགྲོན་ཁང་དུ་ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་།  དཔྱད་འདེམས་དགེ་རྒན། སྐུ་མགྲོན་གཟིགས་མོ་བས་ཡོངས་སུ་གང་ཞིང་། “སེང་ལྕམ་འབྲུག་མོ”སྐྱེ་གཟུགས་འགྲན་བསྡུར་དེ་གཟབ་རྒྱས་ངང་འཚོགས། དཔྱད་འདེམས་པ་དག་གིས་དྲང་བདེན། དྲང་གཞག གཞུང་དྲང་གི་སྒོས་ནས་དཔྱད་འདེམས་བྱས་མཐར། མཛེས་མ་པདྨ་ཆོས་སྒྲོན་ལ“སེང་ལྕམ་འབྲུག་མོ”ཡུལ་དངོས་དཔྱད་འདེམས་ཀྱི་དགའ་རྟགས་ཨང་དང་པོ་དང་རྒྱན་གོས་གྱོན་སྟངས་ཆེས་ལེགས་པའི་དགའ་རྟགས་ཐོབ། མཛེས་མ་ཚེ་རིང་སྒྲོལ་མ་ལ“སེང་ལྕམ་འབྲུག་མོ”ཡུལ་དངོས་དཔྱད་འདེམས་ཀྱི་དགའ་རྟགས་ཨང་གཉིས་པ་དང་། མཛེས་མ་ཚེ་རིང་ཆོས་སྒྲོན་ལ“སེང་ལྕམ་འབྲུག་མོ”ཡུལ་དངོས་དཔྱད་འདེམས་ཀྱི་དགའ་རྟགས་ཨང་གསུམ་པ་དང་ཤེས་འཇོན་ཆེས་ལེགས་པའི་དགའ་རྟགས་ཐོབ། མཛེས་མ་ཚེ་དབང་ལྷ་མོར་བཟོ་ལྟ་ཆེས་ལེགས་པ་དང་ཤེས་འཇོན་ཆེས་ལེགས་པའི་དགའ་རྟགས་ཐོབ།

        མཇུག་མཐར། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཅང་ཧའེ་མིན་དང་ཁུལ་གཙོ་གཞོན་པ་ཀྲང་ཐེ་ཧྥིང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨ་ཤག་ཕུན་ཚོགས་ཟླ་བ།  ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་པདྨ་ཆོས་སྐྱིད་བཅས་ཀྱིས་དགའ་རྟགས་ཐོབ་པའི་མཛེས་མ་རྣམས་གཟེངས་རྟགས་གནང་བར་མ་ཟད། ཁུལ་རིག་གནས་ཅུས་ཀྱི་ཅུའུ་ཀྲང་ཝང་ཏུང་མིན་གྱིས་འགྲན་ཞུགས་མཛེས་མ་ཡོངས་ལ་བཀྲ་ཤིས་པའི་ཁ་བཏགས་དང་མགུལ་དཀྲིས་བཅས་གནང་སྟེ། དཔྱད་འདེམས་འགྲན་ཚོགས་ཆེན་མོ་བདེ་བླག་ངང་མཇུག་སྒྲིལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1