གནའ་བོའི་སྡེ་དགེ་པར་ཁང་། དེང་གི་འགྱུར་ལྡོག་གསར་པ།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-26


 ------གངས་ལྗོངས་ཉི་གཞོན་བོད་ཁུལ་དུ་སྐྱོད་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་འཛུམ་གྱིས་བསུ་བའི་མུ་འགོད་གསར་འགྱུར་ལས་ཁག་གསུམ་པ། 


        སྤྱི་ཟླ་7པའི་ཚེས་21ཉིན་གྱི་སྔ་དྲོའི་དུས་ཚོད་11ཐོག་ལ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་དུ་མཇལ་སྐོར་རུ་ཕྱིན་པ་ཡིན། དེ་རུ་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་མི་ཉུང་བ་ཞིག་གིས་སྒོ་གསུམ་དད་གུས་ཆེན་མོས་ནང་ལ་ལྟ་སྐོར་དང་ཕྱི་ལ་སྐོར་བ་བྱེད་བཞིན་འདུག  ཚོད་རྩིས་བྱས་པ་ལྟར་ན་ཡུལ་སྐོར་བ་ཆེས་མང་བའི་ཟླ་བ་དྲུག་ལ་མཇལ་སྐོར་བའི་གྲངས་ཚད་མ་མཐའ་ཡང་4000ལས་བརྒལ་བ་རེད་ཟེར། སྒོ་ཁང་དུ་སླེབས་མ་ཐག་པར་དཔོན་ཚངས་བཀྲ་ལགས་ཀྱིས་སྣེ་ལེན་བྱས་ནས་ནང་ལ་སོང་བ་ཡིན།

          ལས་གཉེར་བ་ཞིག་གིས་ང་ཚོ་མི་རེ་ལ་ལམ་སྟོན་འཕྲུལ་ཆས་རེ་གཡར་བྱུང་ལ། ཁོས་ཁྱོད་ཚོ་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་གང་གི་ལམ་སྟོན་འཕྲིན་ཆས་དགོས་ན་གང་དགའ་འདེམ་ཆོག་ཟེར། གལ་ཏེ་པར་ཁང་གི་ལོ་རྒྱུས་དང་ནང་དུ་བཞུགས་པའི་པར་ཤིང་སོགས་ཀྱི་ལོ་རྒྱུས་མ་ཤེས་ནའང་ཟུར་ཀ་རེ་ལ་སླེབས་དུས་ལམ་སྟོན་འཕྲུལ་ཆས་ཀྱིས་རང་འགུལ་གྱིས་ངོ་སྤྲོད་རྒྱས་པ་བྱེད་ཐུབ་བཞིན་འདུག     དེས་མ་ཟད། ཁང་པའི་ཟུར་ཚང་མ་ལ་རྐུ་མ་སོགས་འགོག་པའི་ཆེད་དུ་སོ་ལྟ་ཆས་སམ་གློག་མིག་གིས་ཁྱབ་པར་བྱས་འདུག  

        པར་འདེབས་མཁན་མི་ཉུང་བ་ཞིག་གིས་བྱང་ཆ་ལྡན་པའི་ངང་ནས་བཀའ་བསྟན་པར་འདེབས་བྱེད་བཞིན་འདུག་ལ།  ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་བགྲང་ལས་འདས་པ་ཞིག་གིས་མཇལ་སྐོར་བྱེད་བཞིན་མཆིས། པར་ཁང་མཐོང་གྲོལ་ཆེན་མོ་འདིའི་ནང་གི་པར་ཤིང་ཉམས་གསོ་དང་ཕྱིའི་འཛུགས་སྐྲུན་སོགས་གང་ཐད་ནས་བལྟས་ན་སྔོན་ལས་ཀྱང་འཕེལ་རྒྱས་ཆེན་པོ་ཕྱིན་འདུག  

        ཕྱི་དྲོའི་ཆུ་ཚོད་གསུམ་པ་ཡས་མས་ཙམ་ལ་མུ་མཐུད་དུ་པར་དཔོན་ཚངས་བཀྲའི་ཟུར་དུ་སོང་ནས་པར་ཁང་ཉམས་གསོ་དང་འཛུགས་སྐྲུན་གྱི་སྐོར་ལ་ལྟ་སྐོར་དང་བཅར་འདྲི་བྱས་པ་ཡིན། སྤྱིར་པར་ཁང་གི་ཟུར་ལ་ཆེད་དུ་པར་རྐོ་ས་དང་བཤམས་སྟོན་བྱེད་སའི་ཁང་ཆེན་ཞིག་བཞེངས་ཡོད་ནའང་།  པར་ཤིང་ཉམས་གསོའི་གཞི་རྒྱ་དང་གྲངས་འབོར་ཧ་ཅང་ཆེ་བས། དངུལ་ཕུ་ནང་དུ་ལས་གྲྭ་ཆེན་པོ་གཉིས་བཙུགས་འདུག་པ་མ་ཟད། བཀའ་བསྟན་གྱི་པར་ཤིང་མང་ཆེ་བ་ལས་གཉེར་བས་ཁྱིམ་དུ་ཁུར་ནས་རྐོ་བཞིན་ཡོད་པར་ལབས་ཀྱིན་འདུག  པར་དཔོན་ཚངས་བཀྲས་གསུངས་པ་ལྟར་ན། པར་ཁང་གི་འཛུགས་སྐྲུན་ཐད་ཕྱི་ལ་ཚོན་རྩི་བྱུགས་པ་དང་ནང་ལ་པར་ཤིང་ཉམས་གསོ་དང་གསར་བརྐོས་བྱས་པ། སོ་ལྟ་ཆས་དང་པར་ཤིང་། མཇལ་ལམ་དང་སྐུ་བརྙན་ངོ་སྤྲོད་བྱེད་པའི་དེང་རབས་ཡོ་བྱད་སོགས་གྱ་ནོམ་པ་ཞིག་ལས་ཡོད་པ་མ་ཟད།   མ་འོངས་པར་མེ་འགོག་དོ་དམ་དང་དངོས་མང་བཤམས་སྟོན་ཁང་སོགས་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་སོང་།

        མདོར་ན་པར་ཁང་འཛུགས་སྐྲུན་གྱི་ཆེད་དུ་རྒྱུན་གྱི་ཡོང་སྒོ་ལས་དམངས་སྒོར་ཁྲི་700ནས་800བར་བཏང་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མ་ཟད།  སྡེ་དགེ་རྫོང་གིས་ཀྱང་བཀའ་བསྟན་གསར་རྐོ་དང་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་ཐད་ལ་འགྲོ་གྲོན་མང་ཙམ་གཏང་རྒྱུའི་འཆར་གཞི་ཡོད་ལ། ལས་བཟོ་བ་དྲུག་ཅུ་ལྷག་གིས་བློ་སེམས་གཅིག་ཏུ་བསྒྲིམས་ནས་རིག་པའི་བང་མཛོད་ཆེན་མོ་འདི་འཛིན་སྐྱོང་སྤེལ་བྱེད་བཞིན་པར་ཟུར་ལྟ་ལེབ་མཐོང་གི་ཚུལ་དུ་མངོན།།  

                        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1