༄༅།། རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་དགོས།

ཚེ་དཔལ། རྩོམ་སྒྲིག་པ།སྐལ་བཟང་རྒྱལ་གྱིས་བསྒྱུར་སྒྲིག་བྱས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-28


        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། 《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་གི་རྩ་འཛིན》དང་སྔ་རྗེས་ཀྱི་རྩ་ཁྲིམས་ཁྲོད་དུ་མི་རིགས་ཁག་གིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་ནན་གྱིས་བསྟན་ཡོད། རྒྱལ་ཁབ་ཀྱི་སྲིད་དོན་དང་འཚོ་བའི་ཁྲོད་དུའང་རྒྱལ་ཡོངས་དམངས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱིས་བསྡུས་པའི་ཚོགས་འདུ་གལ་ཆེན་དང་ས་གནས་རང་བཞིན་གྱི་བྱ་འགུལ་གལ་ཆེན་དག་གི་སྟེང་དུ་བོད་དང་སོག་པོ། ཡུ་གུར། དབྱི་རིགས་སོགས་ལའང་སྐབས་ཐོག་ལོ་ཙཱ་བྱས་ཏེ་ཡིག་ཆ་མཁོ་སྤྲོད་བྱེད་ཀྱིན་ཡོད། དེ་བས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་རང་གི་མི་རིགས་ཁག་གིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་འགན་སྲུང་བྱ་དགོས་པའི་འོས་འགན་ནམ་འགན་འཁྲི་དེ་གཙོ་བོ་གཤམ་གྱི་ཕྱོགས་འགའ་ལས་མཚོན་པར་བྱ་དགོས།  
        གཅིག མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གཞུང་ལས་སྒྲུབ་སྐབས་སུ་རང་སྐྱོང་སྲོལ་ཡིག་གི་གཏན་ཁེལ་ལྟར། ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་ཁ་ཤས་སྤྱད་ཆོག  གཞུང་ལས་སྒྲུབ་པར་ས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་གཅིག་གམ་ཁ་ཤས་སྤྱོད་པའི་ཐད་རང་སྐྱོང་སྲོལ་ཡིག་སོ་སོས་ས་གནས་ཀྱི་གནས་ཚུལ་གཞིར་བཟུང་ནས་གཏན་ཁེལ་ཁ་གསབ་བྱས་ཡོད་དེ། དཔེར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ཀ་འགན་དབང་འཛིན་སྤྱོད་བྱེད་པའི་ལག་ཆ་བྱ་རྒྱུ”གཏན་ཁེལ་བྱས་ཡོད་པ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་འཛིན་སྤྱོད་བྱེད་སྐབས་ངེས་པར་བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེ་སྤྱོད་དགོས”པའི་གཏན་ཁེལ་བྱས་ཡོད་ལ། མུ་ལི་བོད་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་རྫོང་གི་རང་སྐྱོང་ལས་ཁུངས་ཀྱིས་འགན་དབང་འཛིན་སྤྱོད་བྱེད་སྐབས་བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེ་སྤྱོད་རྒྱུ་དང་། དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ཏེ་ནང་གསེས་ཀྱི་གཅིག་སྤྱད་ཀྱང་ཆོག”པའི་གཏན་ཁེལ་བྱས་ཡོད་པ་ལྟ་བུ།
    གཉིས། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་གིས་གཏན་ཁེལ་དང་ཡང་ན་ཁྱབ་བསྒྲགས་བྱས་པའི་ཆོད་དོན་དང་། ཐག་གཅོད་ཡིག་རིགས། ཡིག་ཆ་གཞན་དག་བཅས་ནི་ས་གནས་དེ་གའི་མི་རིགས་ཀྱི་སྐད་དང་ཡི་གེ་སྤྱོད་དགོས།
    གསུམ། རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ཡིག་ཆ་དང་། དཔང་ཐམ། སྒོ་བྱང་། དེ་མིན་ཚོང་རྟགས་སོགས་ས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་མི་རིགས་ཀྱི་ཡི་གེ་དང་རྒྱ་ཡིག་གཉིས་དུས་མཚུངས་སུ་སྤྱོད་དགོས། དཔེར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ཁུལ་ནང་གི་རྒྱལ་ཁབ་གཞུང་གི་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ཐམ་ག་དང་སྒོ་བྱང་ཚང་མར་བོད་རྒྱ་ཡིག་རིགས་གཉིས་ཀྱིས་འབྲི་དགོས”པ་གཏན་ཁེལ་བྱས་ཡོད་པར་མ་ཟད། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཞིང་ཆེན་སོགས་ཀྱི་ཁོངས་གཏོགས་བོད་རིགས་རང་སྐྱོང་ཁུལ་དང་རྫོང་གི་རང་སྐྱོང་སྲོལ་ཡིག་དག་ལས་ཀྱང་གཅིག་མཚུངས་ཀྱི་གཏན་ཁེལ་བྱས་ཡོད།

    བཞི། མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་བཙུགས་ཏེ་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་བྱ་བར་ལྟ་སྐུལ་དང་དོ་དམ་བྱ་བ། དཔེར་ན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ལས་ཁུངས་ཀྱིས་བོད་སྐད་ཡིག་ལོ་ཙཱའི་བྱ་བའི་ལས་ཁུངས་བཙུགས་ཏེ། བོད་སྐད་ཡིག་ཞིབ་འཇུག་དང་ཚད་ལྡན་ཅན་དུ་གཏོང་བའི་བྱ་བར་ཤུགས་སྣོན་བྱས་ནས། བོད་སྐད་ཡིག་བདེ་ལེགས་ངང་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱ་རྒྱུའི”གཏན་ཁེལ་ཡོད་པར་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ལས། “རང་སྐྱོང་ཁུལ་དང་རྫོང་གི་མི་དམངས་སྲིད་གཞུང་དུ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ཏེ་བོད་སྐད་ཡིག་གི་བྱ་བར་དོ་དམ་བྱ་རྒྱུའི”གཏན་ཁེལ་གྱིས་རང་སྐྱོང་སྲོལ་ཡིག་གི་ནང་དོན་ཇེ་གསལ་དུ་བཏང་བ་ཕུད། ད་དུང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་དང་བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ལོ་ཙཱ། ཞིབ་འཇུག དེ་མིན་བོད་སྐད་ཡིག་བྱ་བའི་དཔུང་སྡེ་འཛུགས་སྐྲུན་དང་དོ་དམ་བྱེད་པ་སོགས་ཀྱི་ནང་དོན་གཏན་ཁེལ་གསལ་བོ་བྱས་ཡོད། གཞན་ཡང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ལས་ཀྱང་འདིའི་སྐོར་གྱི་གཏན་ཁེལ་གསལ་བོ་བྱས་ཡོད།།


(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1