བསིལ་ལྗོངས་ནོར་འཛིན་སྒེག་མོའི་ལང་ཚོ་ལ། ། རྒྱན་དུ་འཚེར་བའི་མགར་ཐར་པདྨའི་ཞིང་། །

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


        དེ་ཡང་མི་ཉག་ཅེས་པའི་ཡུལ་འདི་ནི་རྒྱ་བོད་ས་མཚམས་སུ་འཕྲེད་དུ་འཁོད་པའི་རྒྱལ་ཕྲན་ཞིག་ཡིན་ལ་བོད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་ནས་བཟུང་དཀྱིལ་དང་ཟུར་དུ་མ་བོར་བའི་ས་གནས་གལ་ཆེན་ཞིག་ཡིན། ཚལ་པའི་《དེབ་དམར།》ནང་དུ་གྷ་ཐག་ལ་སོགས་མི་ཉག་གི་ཡུལ་ཐམས་ཅད་ཅེས་གསུངས་ཤིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མི་ཉག་འགའ་དང་། མི་ཉག་གྷ། གྷ་ཐག འགའ་ཐག སྒོ་གདོང་སྒོ་མོ། མགར་གྱི་རུས་རྒྱུད་དར་ས་ཡིན་པས་མགར་དར་དང་། བློན་པོ་མགར་རྒྱ་ཡུལ་ནས་བྲོས་ཏེ་ཐར་བའི་ས་ཡིན་པས་མགར་ཐར་ཞེས་སོགས་སྒྲ་བཤད་མི་འདྲ་བའི་འབྲི་སྲོལ་མང་ཙམ་བྱུང་ཡོད་འདུག ད་དུང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཆིས་བྲང་ཆེན་མོ་མི་ཉག་རུ་ཡོང་བཟའ་དང་། དགུང་བློན་ཆེན་པོ་མགར་སྟོང་བཙན་ཁྱིམ་རྒྱུད་ཀྱི་འབྱུང་ཁུངས། དཔལ་ན་ལེནྜའི་མཁན་པོ་ལ་བཞུགས་མྱོང་བའི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས། དུས་རབས་བཅུ་གཅིག་པར་བྱོན་པའི་ལོ་ཙཱ་བ་ཆེན་མོ་གྱི་ལྗང་དབུ་དཀར་བ། ཚལ་པའི་《དེབ་དམར།》ལ་བརྟགས་ན་མི་ཉག་གའི་ཙུ་(གའི་རྩུ་ཡང་བྲིས་པ་སྣང་།)རྒྱལ་པོ་ཡང་ས་འདིའི་མི་ཡིན་པར་མངོན་ཞིང་ས་མིང་དང་གཞི་བདག་གི་མིང་ད་ལྟ་ཡང་སྒྲ་ཟུར་ཅུང་ཟད་ལོག་ཙམ་ལས་རང་འཇགས་ཡོད་པས་ཆེད་མཁས་པ་མང་པོས་གདེང་འཇོག་བྱེད་བཞིན་ཡོད། དུས་རབས་བཅུ་གསུམ་པའི་སྐབས་སུ་སོག་པོའི་དམག་གིས་མི་ཉག་རྒྱལ་པོ་ཕམ་པར་བྱས་རྗེས་རྒྱལ་པོའི་ནང་མི་དང་བློན་ཆེན་དམག་དཔོན་གནད་ཆེན་རྣམས་མི་ཉག་མགར་ཐར་དང་སྟོད་དབུས་གཙང་གི་ཕྱོགས་སུ་བྲོས་བྱོལ་དུ་ཕེབས།

མགར་ཐར་དགོན་གྱི་མཆོད་རྟེན། དཀོན་མཆོག་རྡོ་རྗེས་པར་བླངས།

        སོག་དམག་གིས་རྗེས་འདེད་བྱས་ནས་འདིར་སླེབས་ཤིང་། དམག་གི་བཙན་རྫོང་དུ་ལྕགས་རིའི་དབྱིབས་ལྷམ་གྱི་མཐིལ་འདྲ་བ་ཞིག་ལ་གྱང་དཔངས་མཐོ་ཞིང་ཞེང་ཆེ་བ་སྟེང་དུ་རྟ་བདུན་མཉམ་དུ་བཤིབས་ནས་རྒྱུག་ཆོག་པ་ཞིག་བསྐྲུན་པར་གྲགས་ཤིང་ད་ལྟ་ཡང་མཐོང་ཡུལ་དུ་ཡོད། མགར་ཐར་ནི་མདོ་ཁམས་ཀྱི་ས་ཆ་གཙོ་ཆེན་ཞིག་ཡིན་པ་ནི་ཐང་གི་ས་ཁྲའི་ནང་དུ་ཁམས་ཕྱོགས་ཀྱི་སྟོད་ན་འདན་མ་དང་གླིང་། སྨད་ན་མགར་ཐར་དང་རྟའུ་སོགས་མ་གཏོགས་བཀོད་མེད་པ་ལས་ཤེས། སོག་པོའི་དབང་བསྒྱུར་བྱེད་སྐབས་ཀྱང་མདོ་སྨད་ཕྱོགས་ཀྱི་དངུལ་འབྲུའི་སྤྱི་ཁྱབ་དོ་དམ་བྱེད་གནས་ཤིག་ཀྱང་འདིར་བཙུགས་མྱོང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོག་མགར་ཐར་བརྒྱུད་ནས་སོག་པོར་ཕེབས་པ་ཡིན་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པས་དཔལ་ས་སྐྱའི་རྒྱུད་འཛིན་པ་ས་མཁར་དགོན་ཞེས་བྱ་བ་ཕྱག་བཏབ། ཚོང་འདུས་ཀྱི་ལམ་ཆེན་དང་རྒྱ་ནག་ནས་ཁམས་བྱང་བརྒྱུད་དེ་དབུས་སུ་འགྲོ་བའི་ལམ་འགག་དང་། ཇ་རྟའི་གནའ་ལམ་ཞེས་གྲགས་པ་འདི་ཡང་མགར་ཐར་ན་ཡོད། སེ་ཆེན་ཧན་གྱིས་གཡུལ་གྱི་ཁ་ལོ་པ་བྱས་ཏེ་ཡུས་ཀྲོས་དང་གཡག་རྔ་སོགས་ལ་དམག་དྲངས་སྐབས་མགར་ཐར་དེ་དམག་ས་གཙོ་བོ་ཡིན་པ་དང་དམག་འགོག་སྲུང་གི་ཆེད་དུ་བོད་གྷ་ཏ་གྲོང་དེ་ཉང་ཡོན་སྲིད་གཞུང་ལ་བསྒྱུར་ཞེས་གསལ་བ་ལྟར་ཡོན་རྒྱལ་རབས་ཀྱི་ས་ཁྲ་ལས་ཀྱང་宁远府(哈答)འདི་བཞིན་བྲིས་འདུག ཉེ་བའི་ལོ་འགའི་སྔོན་དུ་ཀྲུང་གོའི་གནའ་རྫས་རྟོག་ཞིབ་པའི་དགེ་རྒན་ཆེན་མོ་ཞིག་གིས་ཇིང་གིར་རྒྱལ་པོའི་བང་སོ་མགར་ཐར་ན་ཡོད་པར་དཔག་ཅིང་རྒྱ་སོག་གི་ཡིག་ཆ་དུ་མ་ཁྱེར་ནས་ཡུལ་དངོས་བརྟག་དཔྱད་དུ་ཕེབས་ཀྱང་ཉིན་དེར་ཆར་ཞོད་ཆེ་སྐབས་ཤིག་ལ་འཁེལ་བས་ཡིན་མིན་གྱི་ཐག་གཅོད་དངོས་སུ་མ་བྱུང་བར་ལུས། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་དབུས་སུ་ཕོ་ལྷ་འཁོར་བཅས་སྡེ་གཟར་ལ་ཞུགས་རྐྱེན་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ། ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་རོལ་པའི་རྡོ་རྗེ། གདན་ས་གསུམ་དང་རྭ་བ་སྟོད་པ། རྒྱུད་སྟོད་སྨད་ཀྱི་མཚན་ཞབས་པ་མང་པོ་དང་། གཞུང་ས་དགའ་ལྡན་ཕོ་བྲང་གི་སྐུ་ངོ་དུ་མ་དང་། གསོལ་གཟིམ་མཆོད་གསུམ་སོགས་སྟོན་འཁོར་དང་བཅས་པ་མི་ཉག་མགར་ཐར་དུ་ཕེབས་ཤིང་། སྡེ་པ་གཞུང་དང་ཆིང་གོང་མས་འགྲོ་གྲོན་བཏང་བའི་མགར་ཐར་བྱམས་པ་གླིང་ཕྱག་བཏབ་སྟེ་ལོ་དྲུག་ཙམ་ལ་བཞུགས་མྱངས། རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསན་བསམ་རྒྱ་ཆེར་མཛད་དེ་རྟོགས་པ་བརྙེས་ས་དང་གསུང་རྩོམ་མང་པོ་མཛད་ས་ཡང་འདི་ན་ཡིན། སྐབས་དེར་ཆིང་གོང་མའི་ལྷ་སྲས་བཅུ་བདུན་པ་ཀོ་ཆིང་ཝང་འདིར་གོང་ས་མཆོག་མཇལ་བར་ཕེབས་ཤིང་མཐོང་ཐོས་བཀོད་པའི་ཟིན་བྲིས་ཤིག་ཀྱང་བཏབ། མགར་ཐར་དགོན་པའི་སྒོ་བྱང་རྙིང་པ་ཞིག་ཏུ། བོད་བློན་མགར་བཙན་རྒྱ་ལས་ཐར་བའི་ས། །མཆོད་ཡོན་གསེར་ཞལ་མཇལ་ཚེ་ལེགས་བཏབ་པ། །ཡོངས་ལ་སྦྱིན་པ་ཀུན་ཏུ་སྩལ་བ་ཡི། །ལྷ་ཁང་འདིའི་མཚན་གནམ་བསྐོས་ཡུང་ཏྲིས་མཛད། །ཅེས་ལོ་རྒྱུས་ཀྱི་ནང་དོན་མཚོན་པའི་ཚིགས་བཅད་གཅིག་ཡོད་དོ། །རྗེས་སུ་རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་མཆོག་ས་འདིར་སྐུ་འཁྲུངས་ཤིང་མགར་ཐར་དགོན་དུ་ཆོས་བཞུགས་མཛད་རྗེས་དབུས་སུ་ཕེབས་ཏེ་ཆོས་སྲིད་ཀྱི་མཛད་པ་བསྐྱངས། གཞན་ཡང་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་པ་དང་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དང་བྱས་རྗེས་ཅན་གྱི་མི་སྣ་མང་པོ་འབྱུང་ས་ཞིག་ཡིན་ལ་ལོ་རྒྱུས་ཀྱི་ཐོག་ཏུ་གོ་གནས་གལ་ཆེན་བཟུང་བའི་ཡུལ་སྡེ་ཞིག་ཡིན་ནོ། །  

དག་ཞིང་། ཏའེ་ཆིས་ཡོན་གྱིས་པར་བླངས།


དུས་སྟོན། ཏའེ་ཆིས་ཡོན་གྱིས་པར་བླངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1