ཐོ་ཡོར་གྱི་སྙན་ངག་སྡོང་པོ་ཞིག་ཅེས་པའི་ཕྲན་དཔྱད།

གཅན་རང་འབར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


        ཀློག་པ་པོ་ནི་བརྩམས་ཆོས་ཀྱི་མགོན་པོའམ་དཀོན་མཆོག་ཉིད་ཡིན་ཏེ། བརྩམས་ཆོས་ཀྱི་བདེན་དགེ་མཛེས་གསུམ་ཀློག་པ་པོས་འཕྲིགས་དགོས་ལ། ཐ་སྙད་ཀྱི་བླ་སྲོག་ཀློག་པ་པོས་བསྩལ་ཏེ་བརྩམས་ཆོས་ལ་གཤོག་པ་འཛུགས་དགོས་པས། བརྩམས་ཆོས་ཀྱི་རྒྱུན་སྲིང་མཁན་ནི་དོན་ངོ་མར་ཀློག་པ་པོ་ཡིན། དེ་བས་འདིར་ཡང་ཀློག་པ་པོའི་དབང་བཙན་པར་བྱས་ཏེ་བརྩམས་ཆོས་འདི་དག་གི་རྒྱུན་སྲིང་བར་བྱ་སྟེ།
        སྙན་ངག་པ་ཐོ་ཡོར་ནི་གཞོན་སྐྱེས་གྲྭ་བཙུན་སྙན་ངག་པ་དག་ལས་འཕེལ་རྒྱས་ཤིན་ཏུ་སྐྱེན་པའི་སྙན་ངག་པ་ཞིག་རེད་ལ། ཚགས་དེབ་དྲ་གསུམ་སོགས་ལས་མཐོང་བའི་ཁོང་གི་སྙན་ངག་དག་གི་སྐད་ཆའི་སྦྱོར་བ་དག་ལ་ཆོས་ལུགས་རིག་པའི་བརྡ་དང་ཐ་སྙད་ཀྱིས་སྤྲས་མེད་ནའང་། དཔེ་གཟུགས་འགོད་སྟངས་ནི་མང་མང་གི་ལྟ་ཀློག་གི་ར་བ་ལས་བརྒལ་ཏེ་དེང་རབས་ཕྱི་མའི་རིང་ལུགས་ཀྱི་དགོངས་པའི་རྗེས་སུ་འགྲོ་ལྡོག་བྱེད་པས་ཅུང་གོ་དཀའ་བའི་གནས་སུ་གྱུར་ཡོད་མོད། འོན་ཀྱང་ཅི་ལྟར་ལྟ་ཀློག་བྱས་པ་དེ་ཙམ་གྱིས་རང་རང་ལ་ཐོབ་བབ་ཀྱི་གོ་དོན་རེ་ཡོད་པས་ངས་ཀྱང་རང་གི་ལྟ་ཀློག་གི་འཁྱེར་སོ་ཙམ་བརྗོད་པའི་ངལ་བ་དང་དུ་བླངས་ན།
《 སྡོང་པོ་ཞིག》ཅེས་པ་ནི“ཁྱོད་རང”རྒྱང་དུ་བཞུད་པ་ལ་བརྟེན་ནས་འདས་དོན་ཕྱིར་དྲན་གྱི་ཚུལ་དུ་བྲིས་ཡོད་དེ། རྩ་བ་སྟེང་གི་ས་དྲི་དང་ཤར་ནུབ་མེད་པའི་དྲན་གདུང་། སྡོང་རྩེ་ནས་ཐོར་བའི་ལོ་མ་སོགས་ནི་འཐོར་ཟིན་པའི་དུས་ཚོད་ཀྱིས་སྦྲེལ་འདུག་ཅེས་ཕྱིར་དྲན་གྱི་ཁྲོད་ན་ལང་ལིང་འཕྱོ་བའི་འདས་སོང་དག་འདས་ཟིན་པའི་དུས་ཚོད་ཁྲོད་མངོན་ཡོད་པར་བསྟན་ཅིང་། གཅོམ་ཆུང་གིས་རྨི་ལམ་འབོད་པའི་སྐད་སྒྲ་ནི་གློ་བུར་བའི་རླུང་གི་གཡོ་བ་ལས་ཀྱང་ཡང་ཞེས་ཕྱིར་དྲན་གྱི་ངོ་བོ་བསྙད་པའམ་ཕྱིར་དྲན་ནི་མ་གཞི་ནས་ལྷིང་འཇགས་ཤིག་ཡིན་པའི་ཚུལ་བརྗོད་ཅིང་། གློ་བུར་ཞེས་པའི་ཕྱིར་དྲན་ནི་སྐད་ཅིག་གི་དྲན་སྒོ་ཞིག་ཡིན་པའི་ཁྱད་ཆོས་གསལ་བོར་བརྗོད་ཡོད། རླུང་ནི་སྡོང་བོའི་ཁྲག་རྒྱུན་དང་ལག་པ་ཡིན་ཚུལ་འདི་མ་གཞི་ཕྱི་ཡུལ་གྱི་སྣང་ཚུལ་སྟེ་རླུང་གིས་སྡོང་བོ་རྒྱས་ཤིང་རླུང་གིས་སྡོང་བོ་གཡོ་བ་ཡིན་མོད། ཡིན་ཡང་དེ་ལྟའི་སྣང་ཚུལ་དེ་སྙན་ངག་འདིའི་ན་མར་སྣང་ཚུལ་ཙམ་ལས་ཡོངས་སུ་འདས་ཏེ་ཕྱིར་དྲན་གྱི་ཁྱད་ཆོས་ཤིག་གམ་ནུས་པ་ཞིག་བརྗོད་ཡོད།
        ཚན་པ་གསུམ་པ་རུ་མཚམས་རེར་སྡོང་བོ་བྲིས་ཡོད་པ་དང་མཚམས་རེར་ཕྱིར་དྲན་བྲིས་ཡོད་མོད། དེ་ཡང་ཕྱི་ཡུལ་གྱི་སྣང་ཚུལ་དང་ནང་སེམས་ཀྱི་འགྱུར་བ་གཉིས་རྐྱ་འཐབ་པར་བྱས་ཏེ་ཕངས་སེམས་དང་སྐྱོ་གདུང་ཞིག་བསྟན་ཡོད་ཅིང་ཞོར་དུ་ཕྱིར་དྲན་གྱི་བདེ་སྣང་ཕྲ་མོ་ཞིག་ཀྱང་བརྗོད་ཡོད་དེ། རབ་རིབ་ཀྱི་ངོ་གདོང་དེ་དུས་ལས་འདས་པའི་དཔྱིད་ཀའི་ནང་ན་རྒྱུ་བ་ནི་ཕངས་སེམས་དང་སྐྱོ་གདུང་ཡིན་ལ། བསིལ་སྣང་ཕྲ་མོ་དེ་ཕྱིར་དྲན་གྱི་བྲིམས་པའི་བདེ་བ་ཉག་གཅིག་གི་དཔེ་མཚོན་དུ་འོས་པ་ཞིག་རེད། དེ་བཞིན་མཇུག་གི་ཚན་པ་རུ་ཕན་ཚུན་ཁ་གྱེས་པས་ཕྱིར་དྲན་གྱི་འགོ་བརྩམས་ཤིང་ཕྱིར་དྲན་བྱས་པས་སྡོང་བོའི་ཡལ་འདབ་ས་ལ་ལྷུང་བ་བཞིན་སྐྱོ་གདུང་གིས་ཀུན་ནར་མནར་ཏེ་མིག་ཆུ་བཞུར་ཞིང་། མིག་ཆུའི་དོག་པོ་དག་གང་སར་འཐོར་ནའང་མིག་ཆུ་ལས་ང་ཚོ་སླར་ཡང་མཚོ་ཁུག་སྟོང་བ་ལྟ་བུའི་ཕྱིར་དྲན་གྱི་ཁྲོད་དུ་བསྐྱལ་བ་དེ་བརྗོད་ཡོད་མོད། བརྗོད་པའི་ཚུལ་ནི་སྙན་ངག་གཞན་དང་མི་མཚུངས་པ་ཞིག་སྟེ། སེམས་པ་མར་ལྷུང་བ་ཙམ་མ་ཡིན་པར་ལྷུང་བ་ན་ལོ་མའི་སྟེང་གི་ཟིལ་བར་གྱུར་ཅིང་། ཟིལ་བ་དེས་ཕྱིར་དྲན་གྱི་མཚོ་ཁུག་སྟོང་བ་ཞིག་ཏུ་འཁྲིད་ཅེས་དུས་ཚོད་ཀྱི་གོ་རིམ་ཞིག་ཡོད་པར་མ་ཟད་སེམས་འགྱུའི་ངང་ཚུལ་ཞིག་ཀྱང་བསྟན་ཡོད། སྤྱིར་ཚན་པ་འདི་སེམས་པ་དང་ཟིལ་བ། མཚོ་ཁུག་སྟོང་བ་བཅས་སྦྲེལ་ཏེ་སྟབས་བདེ་བར་བྲིས་ཆོག་མོད་འོན་ཀྱང་ཕྲེང་བ་ཅན་གྱི་མཚོན་ཐབས་འདིས་ཚན་པ་འདིའི་ཐབས་རྩལ་ལ་སྒྱུ་མའི་འཕྲུལ་ལམ་རོལ་རྩེད་ཅིག་གིས་ཁེངས་པར་བྱས་ཡོད། གང་ལྟར་སྙན་ངག་འདི་ནི་ཕྱིར་དྲན་དང་སྐྱོ་གདུང་སླར་ཡང་ཕྱིར་དྲན་གྱི་ནང་དོན་ཞིག་བསྟན་ཡོད་ཅིང་། ཁེར་ཧྲེང་གི་སྡོང་བོ་ཞིག་གི་གཟུགས་བརྙན་ལ་ནང་སེམས་ཀྱི་ཚོར་བའི་ཁལ་བཀལ་ནས་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1