ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-31


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་ཉེར་དྲུག་དང་ཚེས་ཉེར་བདུན་ཉིན་གཉིས་ལ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པར་བསུ་མ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་ཏང་གི་རིགས་གཞུང་ཆ་ཚང་དང་ལག་ལེན་གྱི་བརྗོད་གཞི་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བརྟན་པོར་ཆགས་པར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ནམ་ཡང་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པ་འགན་སྲུང་བྱ་དགོས། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་སྐབས་རང་བཞིན་གྱི་ཁྱད་ཆོས་གསལ་བོར་ཤེས་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་མཛེས་པའི་འཚོ་བར་རེ་སྙེག་བྱེད་པ་གསལ་བོར་ཤེས་པར་བྱས་ཏེ། བསམ་ཕྱོགས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་འདོན་པ་དང་མུ་མཐུད་དུ་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ནས་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་གསུངས། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་བགྲོ་གླེང་མཛད་སྒོར་ཞུགས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་འགྱངས་པར་འཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་པས། ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན། མིག་རྒྱང་རང་བཞིན་ལྡན་པའི་འགུལ་སྐྱོད་རྩ་འཛིན་འདོན་མིན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྔར་སྲོལ་རྗེས་མཐུད་དང་མ་འོངས་གསར་གཏོད་བྱེད་པར་འབྲེལ་བ་ཡོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་སྐྱོད་ལས་དབང་ལ་འབྲེལ་བ་ཡོད་ལ། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད། ང་ཚོ་ཏང་གིས་ལངས་ཕྱོགས་གང་ཞིག་འཛིན་པ་དང་བགྲོད་ལམ་གང་ཞིག་ཏུ་སྐྱོད་པ། བསམ་བློའི་རྣམ་པ་ཅི་ལྟ་བུ་ཞིག་འཛིན་པ། ལོ་རྒྱུས་ཀྱི་འགན་འཁྲི་ཅི་ལྟ་བུ་ཞིག་ཁག་ཁུར་བྱེད་པ། ཅི་ལྟ་བུའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་གསལ་བོར་བསྒྲོག་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་གསུང་རྒྱུར། ཉིས་སྟོང་ཉི་ཤུ་ལོའི་བར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་ནི་ང་ཚོ་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཁས་བླངས་པའི་དམ་བཅའ་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་ཚོགས་ཆེན་ཐེངས་བཅུ་བདུན་པ། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རེ་བ་སྣ་ཚོགས་ལྟར། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་མི་འདང་ས་ཁ་གསབ་བྱེད་པ། ལས་གཞི་ཞན་པ་ཇེ་དྲག་ཏུ་གཏང་དགོས་ལ། ལྷག་པར་དུ་བློ་ཐག་རྦད་ཆོད་སྒོས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཞི་འཇག་སུ་གཏོང་བ་དང་གནད་ཕིགས་དབུལ་སྐྱོར། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། བློ་བརྟན་འགྱུར་མེད་སྒོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་དགོས་ལ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་མི་དམངས་ཁས་ལེན་བྱེད་དུ་འཇུག་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཚད་ལེན་ཉམས་སད་ཐེག་པར་བྱ་དགོས། ཉིས་སྟོང་ཉི་ཤུ་ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱས་རྗེས། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་མ་གཏོང་བ་དང་འབད་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་བརྒྱུད་རིམ་གསར་པར་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་སྔར་ལས་སྤོབས་པ་ཆེན་པོས་འཛམ་གླིང་མི་རིགས་ཀྱི་མདུན་དུ་བསྐྱོད་དགོས་ཞེས་གསུངས། 
        ལི་ཁེ་ཆང་གིས་བགྲོ་གླེང་འཛིན་གྲྭའི་མཛད་སྒོར་འགོ་འཛིན་བྱེད་སྐབས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་ལ་དོན་སྙིང་གལ་ཆེན་ལྡན། གཏམ་བཤད་ལས་ཚན་རིག་དང་མཐུན་པའི་སྒོ་ནས་དེང་སྐབས་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་བྱས་ཡོད་པ་དང་། ལོ་ལྔའི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་བྱུང་བ་རྒྱས་བཤད་བྱས་ཡོད་ལ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པ་རྒྱས་བཤད་བྱས་ཡོད་པ་དང་། མ་འོངས་པའི་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཕྱོགས། འགུལ་སྐྱོད་རྩ་འཛིན་རྒྱས་བཤད་བྱས་ཡོད་པར་མ་ཟད་བསམ་ཕྱོགས་གལ་ཆེན་དང་ལྟ་ཚུལ་གསར་པ། བརྡར་ཤ་གཅོད་སྟངས་གསར་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པར་བསམ་བློ་རང་བཞིན་དང་འཐབ་ཇུས་རང་བཞིན། མིག་རྒྱང་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་ལྡན། ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མི་བླངས་ཏེ་བསམ་བློ་དང་བྱ་སྤྱོད་གཉིས་ཀ་གཏམ་བཤད་ཀྱི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་ལ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་གྱུར་བྱས་ཏེ། ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་དང་ལག་བསྟར་བཟང་བོ་བྱེད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་གསུངས། 
        ལིའུ་ཡུན་ཧྲན་གྱིས་བགྲོ་གླེང་འཛིན་གྲྭ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་སྤྱི་སྡོམ་གཏམ་བཤད་སྤེལ། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་ལས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏང་བའི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་དང་རིམ་པ་རྒྱས་བཤད་བྱས་ཡོད། ཚང་མས་སློབ་སྦྱོང་བྱས་པ་བརྒྱུད་དེ་གཏམ་བཤད་ཀྱི་ཆབ་སྲིད་དོན་སྙིང་དང་རིགས་གཞུང་དོན་སྙིང་། ལག་ལེན་དོན་སྙིང་ངོས་ཟིན་ཟབ་མོ་བྱས་པ་དང་། གཏམ་བཤད་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་བསམ་བློའི་ངོ་བོ། གཞི་རྩའི་རེ་བ་བཅས་ལ་ངོས་ཟིན་ཟབ་མོ་བྱས་ཡོད་པར་མ་ཟད་ཀླད་པར་དྲག་ཆས་སྤྲས་པ་དང་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ཡོད། གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་ནན་ཏན་སྒོས་རྩ་འཛུགས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་དང་ཟུང་འབྲེལ་བྱེད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འབྲེལ་འདྲིས་བྱ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་གཏམ་བཤད་ཀྱི་དགོངས་དོན་དང་གཅིག་གྱུར་བྱེད་པར་སྣེ་ཁྲིད་བྱས་ནས་སྲོག་ཤིང་སྲུང་སྐྱོབ་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྤྱོད་རང་རྟོགས་ཇེ་དྲག་ཏུ་གཏང་དགོས། གཏམ་བཤད་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་མ་བྱེད་པའི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1