༄༅།། རྒན་པ་རྣམས་ཀྱིས་སྐྱ་ཟས་སྐྱ་ཆུའི་རིགས་བསྟེན་མི་འོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 08-01



        ཉེ་ཆར་བསྒྲགས་པའི་གནས་ཚུལ་ལྟར་ན། འཇར་པན་གྱི་ཆེད་མཁས་པ་གྲགས་ཅན་རྣམས་ཀྱིས། རྒན་པ་རྣམས་ཀྱིས་ཇི་ལྟར་སྐྱ་ཟས་སྐྱ་ཆུར་རོལ་ན་དེ་ལྟར་དབང་བོ་རྣམས་ཉམས་སླ་བ་དང་། དུས་ཡུན་རིང་བོར་འཚོ་བཅུད་ཀྱིས་མ་འདང་བ་ལས་ཉེན་ཁ་སྣ་ཚོགས་བཟོ་སྲིད་ཟེར། གཤམ་དུ་ང་ཚོས་དེའི་སྐོར་ངོ་སྤྲོད་ཅིག་བྱེད།
        པེ་ཅིན་གྲོང་ཁྱེར་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཞིབ་བཤེར་བྱས་པའི་མཇུག་འབྲས་ལྟར་ན། ལོ་བརྒྱད་ཅུའི་ཡན་གྱི་ལོ་ལོན་རྣམས་ལ་འཚོ་བཅུད་ཀྱི་མི་འདང་བའི་གནས་ཚུལ་ཧ་ཅང་ཚབས་ཆེ་བ་དང་། ཁྲག་ཟུངས་ཞན་པའི་ལོ་ལོན་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་ཡོད་ཟེར། རྒྱལ་ཁབ་ཕྱི་ནང་ཀུན་ནས་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་ན། ལོ་ལོན་རྣམས་ཀྱི་བཟའ་བཏུང་གི་འཚོ་བཅུད་དེས་ནད་རིགས་སྣ་ཚོགས་དྲག་བསྐྱེད་འབྱུང་མིན་དང་ཤི་ཚད་བཅས་དང་འབྲེལ་བ་ཟབ་མོ་ཡོད། དེའི་རྒྱུ་མཚན་ནི་འཚོ་བཅུད་ཀྱིས་མ་འདང་ན་རིམས་འགོག་ནུས་ཤུགས་ཇེ་ཞན་དུ་འགྲོ་ལ། བཟའ་བཏུང་ལ་ཚད་ལས་བརྒལ་བའི་ཚོད་འཛིན་བྱས་ནས་ཚྭ་ཉུང་བ་དང་སྣུམ་ཉུང་བ། ཀ་ར་ཉུང་བའི་སྐྱ་ཟས་སྐྱ་ཆུའི་རིགས་བསྟེན་དྲགས་ན། ཁྲག་སྤྲི་ཉུང་བ་དང་མཁྲིས་རྒྱུ་གཤེར་རྩི་ཇེ་ཉུང་དུ་གྱུར་ནས། ལོ་ལོན་མང་པོ་ཞིག་ལ་རེད་གཤིས་ནད་རིགས་སྣ་ཚོགས་བྱུང་ནས་འཆི་ལམ་དུ་འཇུག་པའི་རྒྱུ་རྐྱེན་གཙོ་བོར་འགྱུར་བཞིན་ཡོད་པ་རེད།
        རྒན་པའི་བཟའ་བཏུང་གི་བསྟེན་ཚུལ་མ་འགྲིག་ན་ཉེན་ཁ་ཆེ།
        དེང་སྐབས་མི་རྣམས་ཀྱིས་བདེ་ཐང་གི་འཚོ་བ་རོལ་སྟངས་དང་བདེ་ཐང་གི་ཤེས་བྱར་དོ་སྣང་བྱེད་བཞིན་ཡོད་ཅིང་། ལྷག་པར་དུ་རྒན་པ་རྣམས་ཀྱིས་རླུང་བརྙན་འཕྲིན་ལས་རང་ཉིད་ཀྱི་འབྱུང་གཞི་བདེ་ཐང་སྐོར་གྱི་ལེ་ཚན་ལ་ཉན་རྒྱུ་དང་བལྟ་རྒྱུར་ཧ་ཅང་དགའ། ལེ་ཚན་དེ་དག་གི་ཁྲོད་དུ་དལ་བའི་རང་བཞིན་གྱི་ནད་རིགས་སྣ་ཚོགས་ལ་འཚོ་བཅུད་ཀྱིས་གསོ་ཐབས་སྐོར་ངོ་སྤྲོད་བྱེད་བཞིན་ཡོད། ཡིན་ནའང་རྒན་པ་རྣམས་ཀྱིས་དེ་ལ་གོ་བ་ཟབ་མོ་མ་ལོན་པར་ནོར་འཁྲུལ་གྱི་ཕྱོགས་སུ་འགྲོ་བཞིན་ཡོད་དེ། དཔེར་ན། རྒན་པ་ལ་ལས་ཁྲག་མངར་མཐོ་བར་དོགས་ནས་ཉིན་རེའི་ཟ་མའི་ཕྱོགས་སུ་དོ་སྣང་ཆེན་པོ་བྱས་ཏེ། རྒྱུན་པར་ཉིན་རེར་ཕྱེ་རིགས་སོགས་ཟས་རིགས་གཙོ་བོའི་རིགས་སྲང་གཉིས་ཙམ་ལས་ཟ་བཞིན་མེད་པར་མ་ཟད། དེ་ཡང་ནས་ཕྱེ་དང་སྲན་ཕྱེའི་རིགས་བསྟེན་བཞིན་ཡོད། ད་དུང་རྒན་པ་ལ་ལས་ཁྲག་ཚིལ་ཇེ་མཐོར་གྱུར་ནས་སྙིང་ཁམས་ཁྲག་རྩའི་ནད་རིགས་སློང་བར་དོགས་ནས། ཤའི་རིགས་དང་སྒོ་ངའི་རིགས་མི་ཟ་བར་མ་ཟད། ཐ་ན་ཚལ་རིགས་བརྔོས་མའི་རིགས་ཀྱང་མི་ཟ་བ་རེད། སྣང་ཚུལ་འདི་དག་ནི་རྒན་པ་རྣམས་ཀྱིས་བདེ་ཐང་གི་ཤེས་བྱར་གོ་ནོར་ཐེབས་ནས་ཉིན་རེའི་བཟའ་བཏུང་ལ་ཚད་ལས་བརྒལ་བར་ཚོད་འཛིན་བྱས་པ་རེད། དེ་ལྟར་ཡུན་རིང་འགོར་ན། རྒན་པ་རྣམས་ལ་འཚོ་བཅུད་ཀྱིས་མ་འདང་བ་ལས་ལུས་ཀྱི་རིམས་འགོག་ནུས་ཤུགས་ཇེ་དམར་གྱུར་ནས་རེད་གཤིས་ཀྱི་ནད་རིགས་སྣ་ཚོགས་འབྱུང་སླ་ཞིང་འཆི་བའི་ཉེན་ཁ་ཇེ་མཐོར་གཏོང་སྲིད་པ་རེད།
        ལོ་རྒས་པ་དང་བསྟུན་ནས་ལུས་སྟེང་གི་དབང་བོའི་མ་ལག་རྣམས་ཀྱང་རིམ་གྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་བཟའ་བཏུང་གི་ཕྱོགས་ལ་དོ་སྣང་མ་བྱས་ཚེ། རྙིང་ཚབ་གསར་འབྱེད་ཀྱི་ནུས་པ་ཇེ་ཞན་དུ་གྱུར་པ་ལས་ཟུངས་ཁྲག་ཞན་པའི་ནད་འབྱུང་སླ།
རྒན་པ་རྣམས་ཀྱི་བདེ་ཐང་གི་བཟའ་བཏུང་བསྟེན་ཚུལ།
        རྒན་པ་རྣམས་ཀྱི་བདེ་ཐང་གི་བཟའ་བཏུང་བསྟེན་ཚུལ་དེ་ཇི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། གཤམ་དུ་ཚང་མར་གཞི་རྩའི་བཟའ་བཏུང་གི་བསྟེན་ཚུལ་སྐོར་ཅིག་བཤད།
        དང་པོ།  ཤའི་རིགས་དང་སྒོ་ངའི་རིགས་འོས་འཚམ་གྱིས་ཟ་དགོས། རྒན་པ་རྣམས་ལ་ཁྲག་ཚིལ་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་སླ་མོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ལུས་ཀྱི་རྙིང་ཚབ་གསར་འབྱེད་ནུས་པ་ཇེ་དམར་གྱུར་བ་ལས་བསླངས་པ་མ་གཏོགས། སྣུམ་ཞགས་དང་མཁྲིས་རྒྱུ་གཤེར་རྩི་ཇེ་མཐོར་གྱུར་བ་ལས་བསླངས་པ་མིན། ཡིན་ནའང་རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ཁྲག་ཚིལ་ཇེ་མཐོར་གྱུར་བ་དེ་སྣུམ་ཟས་ཟོས་པ་ལས་བསླངས་པར་འདོད་ནས་ཤའི་རིགས་དང་སྒོ་ངའི་རིགས་གཏན་ནས་མི་ཟ་བ་རེད། དེ་ལྟར་བྱས་ན་གནས་སྐབས་ཙམ་ལ་ཁྲག་ཚིལ་ཅུང་ཇེ་དམར་འགྲོ་མོད།  རྒན་པའི་ལུས་སྟེང་དུ་མཁོ་བའི་འཚོ་བཅུད་ཀྱི་གྲུབ་ཆ་གཞན་དག་ཀྱང་དེ་དང་བསྟུན་ནས་ཇེ་ཞན་དུ་འགྲོ་བས་ལུས་ཕུང་བདེ་ཐང་གི་ངོས་ནས་བཤད་ན་ཧ་ཅང་མི་འཚམས། དེ་བས་ང་ཚོས་རྒན་པ་རྣམས་ལ་ཤའི་རིགས་དང་སྒོ་ངའི་རིགས་ཉུང་ཙམ་ངེས་པར་དུ་ཟ་རུ་འཇུག་དགོས།
        གཉིས་པ། ཁ་ཟས་གཙོ་བོ་སྟེ་ཕྱེའི་རིགས་ལས་ངེས་པར་དུ་ནས་ཕྱེ་དང་སྲན་ཕྱེ་སྟེ་རྩིང་ཕྱེའི་རིགས་ཁོ་ན་ཟ་མི་དགོས། ལོ་ལོན་མང་པོ་ཞིག་གིས་བསམ་པར། རྩིང་ཕྱེའི་ནང་དུ་ཚི་སྣའི་རྒྱུ་མང་པོ་འདུས་ཡོད་པས། ཁྲག་མངར་བརྟན་ཆགས་སུ་གནས་པ་དང་། མཁྲིས་རྒྱུ་གཤེར་རྩི་ལ་ཚོད་འཛིན་བྱེད་ཐུབ་པ། རྩ་སྐམ་པ་བཅས་འགོག་པར་འདོད། དེ་ཡང་ཡིན་ཏེ། གཅིན་སྙི་ཟ་ཁུ་དང་ཁྲག་མངར་རྒྱུན་ལྡན་མིན་པ་དང་བདེ་ཐང་གི་རྒན་པ་བཅས་ཚང་མས་འདི་ལྟར་བྱེད་འོས། ཡིན་ནའང་རྒན་པ་རྣམས་ཀྱིས་ཚད་ལས་བརྒལ་བའི་ངང་ཉིན་རྒྱུན་རྩིང་ཕྱེའི་རིགས་ཉུང་ཙམ་དང་སྔོ་ཚོད་ཀྱི་རིགས་ཟ་བ་ལས་ཁ་ཟས་གཙོ་བོ་སྟེ་གྲོ་ཕྱེའི་རིགས་ཕལ་ཆེར་ཟ་བཞིན་མེད་པ་རེད། གོང་དུ་བཤད་ཟིན་པ་ལྟར་རྒན་པ་རྣམས་ཀྱི་འཇུ་བྱེད་མ་ལག་ལའང་འགྱུར་ལྡོག་ཅུང་བྱུང་ཡོད་པས་རྩིང་ཕྱེ་དང་སྔོ་ཚོད་ཀྱི་རིགས་ཟོས་ན་ཡི་ག་ཇེ་ཞན་དུ་འགྲོ་ལ། ཡི་ག་ཞན་པ་ལས་འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་འབྱུང་སླ། དེར་བརྟེན། རྒན་པ་རྣམས་ཀྱིས་ཉིན་རེའི་བཟའ་བཏུང་གི་ཁྲོད་དུ་ཕྱེད་ཀ་རྩིང་ཕྱེའི་རིགས་དང་ཕྱེད་ཀ་གྲོ་ཕྱེ་དང་འབྲས་ཡི་རིགས་ཟོས་ན་ལུས་ཕུང་བདེ་ཐང་ལ་ཕན།
        གསུམ་པ། སྣུམ་ཟས་སྣུམ་ཆུའི་རིགས་ཀྱང་འོས་འཚམ་གྱིས་བསྟེན་དགོས། ཐོག་མར་རྩི་ཤིང་གི་སྣུམ་སྟེ་གཡིས་ཀྱང་ཟ་དགོས། གོང་དུ་གླེང་ཟིན་པ་ལྟར་རྒན་པ་རྣམས་ཀྱིས་ཁྲག་མངར་ཇེ་མཐོར་འགྲོ་བར་དོགས་ནས་གཡིས་ནང་དུ་བརྔོས་པའི་ཚོད་མའི་རིགས་གང་ཡང་མི་ཟ་བ་དེ་ཡང་ཚད་ལས་བརྒལ་བའི་རྟགས་རེད། ཚིལ་ཞགས་ཀྱི་ནང་དུ་བརྔོས་པའི་ཚོད་མའི་རིགས་མ་ཟོས་ན་ཆོག་མོད། རྩི་ཤིང་གི་སྣུམ་སྟེ་གཡིས་ནང་དུ་བརྔོས་པའི་ཚོད་མའི་རིགས་ངེས་པར་དུ་ཟ་དགོས། རྒྱུ་མཚན་ནི་རྩི་ཤིང་གི་སྣུམ་ནང་དུ་ཚད་མ་ལོངས་པའི་ཚིལ་སྐྱུར་གྱི་འདུས་ཚད་མཐོ་བས། ཁྲག་ཚིལ་སྙོམ་སྒྲིག་བྱེད་པ་དང་ཀླད་པར་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བྱེད་ནུས་ལྡན། དེ་བས་རྒན་པ་རྣམས་ཀྱི་གཡིས་ཀྱིས་བརྔོས་པའི་ཚོད་མའི་རིགས་ཅུང་ཟད་རེ་ཟོས་ན་བཟང་། དེ་ནས་ཤིང་འབྲས་ཀྱི་རིགས་ཀྱང་ཟ་དགོས་ཏེ། ཤིང་འབྲས་ཀྱི་ཁྲོད་དུའང་ཚད་མ་ལོངས་པའི་ཚིལ་སྐྱུར་གྱི་འདུས་ཚད་མཐོ་བས་རྒྱུན་པར་ཟོས་ན་བཟང་།
        བཞི། འོ་མ་འཐུང་དགོས། འོ་མའི་ནང་དུ་སྤྲི་དཀར་དང་འཚོ་རྒྱུ་བེ་ཧྲིན་སུའུ་སོགས་ཀྱི་འདུས་ཚད་མཐོ་བས། རྒན་པ་རྣམས་ཀྱིས་རྒྱུན་པར་འོ་མ་ཉུང་ངུ་རེ་འཐུང་ན་དྲན་ཤེས་ཉམས་པ་སྔོན་འགོག་བྱེད་ཐུབ།
        ལྔ། སོ་ཡིས་བལྡད་པའི་ནུས་པར་སྦྱོང་བརྡར་བྱེད་དགོས། རྒན་པ་རྣམས་ཀྱི་སོ་ཡི་ནུས་པ་དེ་འདྲ་མི་བཟང་ནའང་། ཟས་རིགས་སྙི་མོའི་རིགས་ཁོ་ན་མི་ཟ་བར། ཅུང་སྲ་མོའི་རིགས་ཀྱང་ཅུང་ཟད་རེ་ཁའི་ནང་ནས་བལྡད་ན་བཟང་།
        མདོར་ན། རྒན་པའི་བདེ་ཐང་གི་བཟའ་བཏུང་བསྟེན་ཚུལ་དེ་སྐྱ་ཟས་སྐྱ་ཆུ་ཁོ་ན་མ་ཡིན་པར། དེ་ལ་དོ་སྣང་ཆེན་པོ་བྱས་ན་བདེ་ཐང་གི་བཟའ་བཏུང་གིས་དལ་བའི་རང་བཞིན་གྱིས་ནད་རིགས་ལ་ལ་སྔོན་འགོག་བྱེད་ཐུབ་ལ། ད་དུང་རྒན་པ་རྣམས་ཀྱི་ལུས་ཁམས་ཀྱི་འགྱུར་ལྡོག་གི་གནས་ཚུལ་དང་བསྟུན་ནས་ཟས་རིགས་འགའ་རེ་ཁ་སྣོན་བྱེད་དགོས། རྒན་པའི་བཟའ་བཏུང་དེ་དཀར་ཟས་དང་དམར་ཟས་མཉམ་སྡེབ་བྱེད་པའི་རྨང་གཞིའི་སྟེང་སྣུམ་དང་ཚྭ་ཅུང་ཟད་ཉུང་ཉུང་བྱེད་དགོས་པ་མ་གཏོགས། ཚད་ལས་བརྒལ་བའི་ཚོད་འཛིན་བྱས་ན་འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་བཟོ་སྲིད།
        གོང་གི་ཤེས་བྱ་འདི«མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང»གིས་འདོན་སྤྲོད་བྱས་པ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1