2017ལོའི་པུར་རྒྱལ་ཡུལ་སྐོར་རིག་གནས་དུས་ཆེན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 08-07


        འཕྱོངས་རྒྱས་ཀྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་ཆེད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུ་དང་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མཆོག་ནོར་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་གཉེར་འགན་ཁུར་བའི་འཕྱོངས་རྒྱས་རྫོང་གི་གཞི་ཁྱོན་ཆེ་ཤོས་དང་། རིམ་པ་མཐོ་ཤོས། ནང་དོན་ཕུན་སུམ་ཚོགས་ཤོས་སོགས་ཡིན་པའི་སྤྱི་ལོ་2017ལོའི་པུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྤྱི་ཚེས་གསུམ་པ་ཉིན་འགོ་ཚུགས་པ་རེད། 

        འགོ་ཚུགས་མཛད་སྒོའི་ཐོག་ལྷོ་ཁའི་རིག་གནས་དང་ཐ་ན་བོད་ཀྱི་རིག་གནས་ཀྱི་གཅེས་ནོར་གྲས་ཤིག་ཡིན་པའི་འཕྱོངས་རྒྱས་ཀྱི་འཇུ་བྲོ་དང་། གར་གླུ། ནང་མ་སོགས་འཁྲབ་སྟོན་བྱས་པ་མ་ཟད་ས་ཆ་དེ་གའི་སྤུན་བདུན་བག་དཀར་པོའི་ལྷ་མོ་དང་། སྟོད་པ་གཞས་ཆེན་སོགས་དངོས་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་འཁྲབ་སྟོན་བྱས་ནས་འཕྱོངས་རྒྱས་ཀྱི་པུར་རྒྱལ་རིག་གནས་ཀྱི་གཏིང་ཟབ་པའི་རྨང་གཞི་ཡོངས་སུ་མངོན་པར་བྱས་པ་རེད། དེ་དང་ཆབས་ཅིག་ད་དུང་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བར་བསྟོད་པའི་གླུ་དབྱངས་ཕུལ་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་དགའ་བསུ་ཞུས། 

        འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་བརྒྱུད། འཕྱོངས་རྒྱས་རྫོང་གིས་ཡུལ་སྐོར་གྱི་འདུ་ཤེས་གསར་པ་བཅངས་ཏེ་བློ་བརྟན་འགྱུར་མེད་ཀྱིས་རིག་གནས་ལྡན་པ་དང་། དོ་དམ་ཚད་ལྡན། ཞབས་ཞུ་ཚད་ལྡན་བཅས་ཀྱི་འཕྱོངས་རྒྱས་ཀྱི་ཡུལ་སྐོར་བྱ་གཞག་གཏོད་རྒྱུར་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1