དགྲ་གྲོགས་སུ་ཡིས་འབྱེད།

གངས་དབང་། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-07


   མི་ཚེ་མི་རབས་ནས་རོང་མ་འབྲོག་གི་ས་ཆ་ཞིག་ཏུ་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་རྟ་ནོར་ལུག་གསུམ་གྱིས་ར་བ་གང་ཞིང་། འབྲུ་རིགས་སྣ་ལྔས་བང་མཛོད་གང་ལ་དབང་ཐང་དར་བའི་ཁྱིམ་ཚང་ཞིག་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་གྲོང་ཁྱེར་གྱི་འགྲོ་སའི་རྒྱ་ལམ་དང་སྡོད་སའི་ཁང་པ། བཟའ་བཏུང་གི་ལོངས་སྤྱོད་སོགས་ལ་ཡིད་སྨོན་ཤོར་བས་གནའ་ནས་འདྲིས་པའི་ཞིང་ལས་དང་། ལག་ལ་བྱང་བའི་འབྲོག་ལས་ལ་རྒྱབ་གཏད་དེ་བཙོང་དགོས་རྒྱུ་རྣམས་བཙོངས། སྦྱིན་དགོས་པ་རྣམས་བྱིན་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་མཚམས་སུ་སྤོས། རི་བོང་སྤང་ནགས་ཀྱི་མཚམས་སུ་སྐྱིད་སྐྱིད་འདྲ་ཡང་། རྩྭ་ཐང་གི་རྒྱ་ཁྱོན་མ་ཤེས་པའི་ངོ་ཚ་ཞིག རྒྱ་རྫོང་གི་སྟུག་པོ་མ་འཇལ་བའི་ནོངས་འགྱོད་ཅིག
   གྲོང་ཁྱེར་དང་གྲོང་རྡལ་གྱི་བར་ལ་ལས་མེད་ཀྱི་མི་འཁྱམ་མང་ལ། དགོས་མེད་ཀྱི་ཁྱི་ལྡོམ་དང་བྱི་བའང་འབེལ་པས་རྐུ་ལ་བྱང་ཞིང་གབ་ལ་མཁས་པའི་བྱི་བ་ཞིག་ཀྱང་ལྐོག་ལྐོག་སུད་སུད་ཀྱིས་གསར་དུ་སྤོས་ནས་ཡོང་བའི་ཁྱིམ་ཚང་ཕྱུག་པོ་དེའི་ཁང་པའི་རྩིབས་སྲུབས་བར་གནས་བཅས། ཐོག་མར་ས་ས་མལ་དང་རྡོ་རྡོ་མལ་ལྟར་མི་དང་བྱི་བ་གཉིས་རང་རང་སོ་སོའི་སར་ཞི་འཇགས་ཀྱིས་གནས་པ་ལས་ཕན་ཚུན་ལ་གནོད་པ་ཅིའང་བསྐྱལ་མེད་མོད། དེ་མིན་གྱི་བྱི་བ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱུག་པོ་ཚང་གི་མགྲོན་པོར་ཕེབས་ཏེ་བདག་པོར་རྒྱུས་ལོན་བྱས་རྗེས་ཉིན་མཚན་མེད་པར་རྟ་རྒྱུག་བཏང་བ་ལྟར་ལྡིར་སྒྲ་དང་ཙིར་སྒྲ་ཡིས་ཁང་པའི་ཕྱི་ནང་གང་སྟེ་བདག་པོ་ཆེ་ཆུང་ཚང་མ་ལ་སུན་པོ་བཟོས།
   ཁྱི་རྒྱུག་ལ་བྱང་ན་རྡོ་རེག མི་འགྲོ་ལ་བྱང་ན་གྱོང་ཕོག་པས་འགྲོ་འགྲོ་མང་ན་འདུག་ས་ཤོར། རང་རྒྱུས་ཤོར་ན་ཉེན་ཁ་ཆེ།
   བྱི་བ་རྣམས་ཀྱི་རྐུ་འཕྲོག་བཅོམ་གསུམ་ལ་འགོག་རྒོལ་དང་ཐེར་འདོན་བྱེད་ཆེད། བདག་པོས་ཐབས་བརྒྱ་ཇུས་སྟོང་གིས་གྲོགས་པོ་ཞིག་གི་ས་ནས་བྱི་ལ་ཁྲ་ཁྲ་ཞིག་བསླངས་ཏེ་ཁྱིམ་དུ་གསོས། བྱི་ལ་དེར་མཚོན་ན་ཁྱིམ་ཚང་གསར་པའི་ཡོད་ཚད་ལ་ཆ་རྒྱུས་མེད་པས་དང་ཐོག་དཔའ་ཞུམ་པ་ལྟར་གཉོམ་དུང་དུང་གིས་ཟུར་ཞིག་དུ་བསྡད་པ་ལས་སྐད་གཅིག་ཀྱང་མི་བཏང་ཡང་། བདག་པོས་འོ་མ་མངར་མོ་དང་ཤ་ཞིམ་པོས་གསོལ་སྟོན་དྲངས་བར་བརྟེན་རིམ་བཞིན་ཁྱིམ་ནང་ཡར་འགྲོ་མར་འགྲོ་དང་ཕར་མཆོངས་ཚུར་མཆོངས་བྱེད་བཞིན། སྐབས་སྐབས་སུ་མཐོ་ལ་ཕྲ་བའི་སྐད་ཀྱང་བཏང་། བྱི་བ་རྣམས་ཀྱིས་བྱི་ལའི་གསུང་སྐད་ཐོས་པ་ནས་བཟུང་འུར་ཟིང་བསླངས་མ་ཕོད་པར་འཇམ་ཐིང་ངེར་བསྡད་པ་ལས་ཐབས་མ་རྙེད་པས་བདག་པོ་ཕྱི་ལ་འགྲོ་ན་སེམས་བདེ་ལ་ནང་ལ་ལོག་ན་གཉིད་སྐྱིད།
   བྱི་བ་ཚོས་སྨྲ་བ་བཅད་པ་དང་བདག་པོའི་བྱམས་སྐྱོང་གི་དྲིན་ལས་བྱི་ལ་ཁྲ་ཁྲ་ཡིས་དགོང་མོར་མིན་ཨང་་་་་མིན་ཨང་ཞེས་གསུང་སྐད་གསུང་བཞིན་ཁང་པའི་ཕྱི་ནང་དུ་མེལ་ཚེ་བྱེད་ཁུལ་བྱས་ལ། ཉིན་མོར་འོ་མ་མངར་མོ་རྒྱགས་ཚད་ཅིག་བཏུང་རྗེས་ཐབ་ཀའི་འགྲམ་དུ་ཉལ་ཏེ་སྣ་ནས་ༀ་་་་ༀ་་་་ཞེས་རྒྱུན་མ་ཆད་པས། བདགཔོའི་སེམས་ལ་དགོང་མོར་བྱི་བ་བསད་པའི་ཉེས་པ་བཤགས་པར་ཉིན་མོར་མ་ཎི་འདོན་པ་ལོས་ཡིན་སྙམ་སྟེ་དེ་ལ་བླ་ལྷག་གིས་དད་པ་སྐྱེས། འཇིག་རྟེན་དུ་ཡུན་རིང་འགྲོགས་ན་འཇིགས་འཇིགས་འདྲ་ཡང་སྐྲག་རྒྱུ་མེད་པ་ལྟར་བྱི་ལ་ཁྲ་ཁྲ་ཡིས་ཁ་ནས་སྐད་ངན་བཏོན་པ་ཙམ་ལས་ལག་ཏུ་ཅི་ཡང་མེད་པས་མ་ཚད། ད་དུང་ཤ་ལ་དགའ་ཞིང་རྐུ་ལ་མཁས་པའི་རང་གཤིས་རྣམས་བྱི་བ་རྣམས་ཀྱིས་ཤེས་རྗེས། རིམ་བཞིན་དུ་དེའི་གསུང་སྐད་ལའང་ཅི་ཡང་མི་སྙམ་པར་སྔོན་མ་ནང་བཞིན་ལྡིར་སྒྲ་དང་ཙིར་སྒྲས་བདག་པོའི་སེམས་ཁམས་དཀྲུགས།
   ལག་རྗེས་རྐང་པས་མནན་ཏེ་བསྐྱོད་དགོས་པ་ལས་མན་ངག་ཁ་ནས་བཟླས་བརྗོད་ཙམ་གྱིས་ཅི་ལ་ཕན།
   བདག་པོའི་སེམས་ལ་བྱི་ལ་ཁྲ་ཁྲ་གདན་དུ་དྲངས་པ་ནས་བཟུང་བྱི་བ་རྣམས་ཀྱི་ཁེངས་དྲེགས་དང་ང་རྒྱལ་ནི་མེ་ལྕེའི་ཐོག་ལ་ཆུ་བླུགས་པ་ལྟར་འཇམ་ཅག་གེར་གར་སོང་ཆ་མེད་དུ་གྱུར་ཡང་། ད་ཡང་མེ་རོ་རླུང་གིས་སྤར་བ་ལྟར་ལྡིར་སྒྲ་དང་འུར་སྒྲས་གང་བ་ནི་ཅི་ཡིན་ནམ་སྙམ་སྟེ་དོགས་པ་ཟ་བཞིན་དགོང་མོ་ཞིག་ལ་ཤ་དུམ་བུ་ཞིག་ལ་དུག་བསྐུས་རྗེས་སྒོ་ཕག་ཏུ་བཞག་ནས་ལྐོག་ལྟ་བྱེད། ཤ་ཡི་དྲི་ཞིམ་གང་སར་ཁྱབ་པས་བྱི་བ་ཚོ་དམག་མི་རྣམས་གཡུལ་སར་ཞུགས་པ་ལྟར་ཁང་པའི་ཀ་བ་དང་གྱང་བར་ཤ་ཡོད་སར་འོངས། བྱི་ལ་ཁྲ་ཁྲ་ཡིས་མིན་ཨང་མིན་ཨང་ཞེས་གོམ་སྟབས་རྫིག་པོ་སྤོས་ནས་སྒོ་ཕག་གི་ཕྱོགས་སུ་ཡོང་། བྱི་མིང་ཅན་རྣམས་ཤ་དུག་ཅན་གྱི་འགྲམ་དུ་ལྷན་དུ་འཛོམས་མཐར་གོམས་ལོབས་སུ་གྱུར་བ་ནང་བཞིན་ཆེ་ཆུང་དང་མཐོ་དམའ་ཡི་གོ་རིམ་ལྟར་ཙོག་པུར་བསྡད་རྗེས། བྱི་ལ་ཁྲ་ཁྲ་ཡིས་འགྱིང་ཉམས་དང་བཅས་སྦར་མོས་ཤ་དུམ་བུ་དེ་བཟུང་སྟེ་ཁམ་གང་བཟའ་དུས། བྱི་བ་ཚོས་འགྲམ་ཆུ་ཤོར་བཞིན་བྱི་ལའི་གནང་སྦྱིན་དང་ཆོག་མཆན་ལ་རེ་སྒུག་བྱེད། གློ་བུར་དུ་བྱི་ལ་ཁྲ་ཁྲ་གན་རྐྱལ་དུ་ལོག་སྟེ་ཁ་ནས་ལྦུ་བ་བཙགས་ལ་སུག་བཞི་འགུལ་ཙམ་འགུལ་ཙམ་བྱས་རྗེས་གྲགས་འགུལ་མེད་པར་གྱུར། བྱི་བ་ཚོས་གནས་ཚུལ་དེ་མཐོང་འཕྲལ་ཕྱིར་ལྟ་ཙམ་ཡང་བྱེད་མ་ཕོད་པར་བྲོས་སོང་།

   བདག་པོ་ནི་ཧ་ལས་ཤིང་ཧོན་ཐོར་ཏེ་ནམ་གསལ་རན་དུས། ལག་པས་མིག་འཕུར་འཕུར་བྱེད་ཀྱིན། འཇིག་རྟེན་འདི་རུ་དགྲ་གྲོགས་སུ་ཡིས་འབྱེད། དགེ་སྡིག་ཅི་ཡིས་འཇལ་ཞེས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1