སློབ་གསོ་རིག་པ་ལས་སློབ་མས་སློབ་སྦྱོང་བྱེད་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཡེ་ཤེས་རྒྱ་མཚོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-07


   དང་པོ། སློབ་མའི་མཚན་ཉིད་དམ་སློབ་སྦྱོང་བྱེད་སྐབས་འཛོམས་དགོས་པའི་ཆ་རྐྱེན་གླེང་བ།

   སྤྱིར་སློབ་མ་ཞེས་པའི་ཡུལ་གཞན་ནས་ཤེས་རིག་ཚུར་ལེན་བྱེད་པ་པོ་ལ་དམ་པའི་བསྟན་བཅོས་མང་པོ་རུ་མཚན་ཉིད་བཞག་ཡོད་པ་བཞིན། ས་པཎ་མཁས་མཇུག་ལས། བློ་གསལ་ཤེས་འདོད་བླ་མར(དགེ་རྒན)་གུས་དང་མདོ་བཞི་བརྒྱ་བལས་གཟུར་གནས་བློ་ལྡན་དོན་གཉེར་བ།ཉན་པོ་སྣོད་ཅེས་བྱ་བ་བརྗོདགསུངས་བ་བཞིན་དེ་ལྟར་བློ་ལྡན་བློ་གསལ་བ། ཤེས་འདོད་དང་དོན་གཉེར་བ།དགེ་རྒན་ལ་གུས་པ་དང་ང་རྒྱལ་མེད་པ་ཞེས་ལུང་ཚིག་མི་འདྲ་ཡང་དོན་འདྲ་བས་རྟོགས་བར་ནུས་པའི་བློ་གྲོས་དང་། དོན་དུ་གཉེར་བའི་འདུན་པ། ང་རྒྱལ་མེད་པའི་གུས་པ་བཅས་ནི་མཚན་ཉིད་ཀྱི་རྒྱུ་གསུམ་ཡིན་ལ། སློབ་མས་སློབ་སྦྱོང་བྱེད་སྐབས་ཀྱི་ཆ་རྐྱེན་གསུམ་ཡང་ཡིན།བློ་གྲོས་སམ་ཤེས་པ་དེ་ལ་སྐྱེས་སྟོབས་དང་སྦྱངས་སྟོབས་བཅས་གཉིས་སུ་དབྱེ་ཡང་། ཡེ་ནས་སྐྱེས་སྟོབས་ཀྱི་ཤེས་རབ་ཅིག་མེད།སློབ་དཔོན་ཀླུ་སྒྲུབ་ཀྱིས།འདྲི་དང་སློབ་ལ་ངོ་ཚ་མེད། །འཇམ་དཔལ་གྱིས་ཀྱང་དང་པོ་བསླབས། །མེ་བསླབ་མཁས་པ་གང་ཡང་མེད། །ཅེས་པ་དང་།ཡང་ས་པཎ་གྱིས་མ་བསླབ་པ་ཉིད་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །གསུངས་བ་བཞིན་སྦྱངས་སྟོབས་ཀྱི་ཤེས་རབ་དེ་གལ་ཤིན་ཏུ་ཆེའོ། །དོན་དུ་གཉེར་བའི་འདུན་པ་ནི་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ལམ་ཕུགས་བསམ་དང་འབྲེལ་བ་ཤིན་ཏུ་ཆེ།དེ་ཡང་རང་དོན་ཁོ་ན་ཙམ་ཡིན་པའི་ཕུགས་བསམ་ཐ་མ་དང་གཞན་དོན་ལ་དམིགས་པའི་ཕུགས་བསམ་རབ་བཅས་ཡོད།།ཕུགས་བསམ་དེ་གསལ་ཞིང་ངེས་ན། དོན་གཉེར་གྱི་འདུན་པ་ཡང་ཇེ་གསལ་འགྱུར། །དེ་རྗེས་སློབ་སྦྱོང་གི་འཆར་གཞི་ཡང་ཡང་ཞིབ་ཕྲ་ཞིག་རང་གིས་གསལ་པོ་འགོད།
   གཉིས་པ།སློབ་སྦྱོང་བྱེད་པའི་གོ་རིམ་དང་ཐབས་ཤེས་ཅུང་ཟད་གླེང་བ།
   དེ་ལྟར་སྐྱེས་སྦྱངས་ཤེས་རབ་རྣོན་པོ་ལ་བརྟན་ནས་སློབ་སྦྱོང་བྱ་དགོས་པ་ནི་མིའི་རིགས་ཀྱི་བྱིས་པ་ནས་རྒ་བའི་བར་དུ་ངེས་པར་དུ་དོན་གཉེར་ཡངདག་བྱ་དགོས། རང་གཞན་གང་ལ་ཡིན་ཡང་ཕན་པ་དང་གལ་ཆེ་བའི་ཚེ་ཚེ་རབསརབས་ཀྱི་དོན་ཆེན་ཞིག་ཡིན། སློབ་སྦྱོང་བྱེད་པ་དེ་ལ་ཡང་བྱ་སླ་ལ་དཀའ་ཚེགས་ཆུང་བ། དོན་ཆེན་དེ་ངེས་པར་མྱུར་དུ་འགྲུབ་བའི་མྱུར་ལམ་མམ་མན་ངག་ཞིག་མེད་ཀྱང་ཚད་ལྡན་གྱི་ཚུལ་ལམ་གོ་རིམ།ཐབས་ཤེས་ཡོད་པ་ནི་རང་རེ་མཁས་པའི་བསྟན་བཅོས་ལས་རྟོགས་ཐུབ།སློབ་དཔོན་ཐོགས་མེད་ཀྱིས།ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར་ནས་སློབ་སྦྱོང་གི་ཚུལ་དང་ལྡན་པའི་གོ་རིམ་དང། ཡང་རྗེ་རིན་པོ་ཆེས།དང་པོ་རྒྱ་ཆེ་ཐོས་པ་མང་དུ་བཙལ། །བར་དུ་གཞུངལུགས་ཐམསཅད་གདམསཔར་ཤར། ཐ་མ་ཉིན་མཚནཀུནདུཉམས་སུ་ལེན། །ཀུན་ཀྱང་བསྟན་པ་དར་བའི་ཆེད་དུ་བསྔོ། །གསུངས་བ་བཞིན་གོ་རིམ་དང་ཐབས་ཤེས་ལེགས་པར་བསྟན་ཡོད། ཐོས་པ་ནི་གཞན་ལས་སློབ་པ་དང་། བསམ་པ་ནི་ཐོས་པའི་དོན་ལ་ཞིབ་མོ་བློས་དཔྱད་ནས་ཡིད་ལ་ངེས་པར་བྱེད་པ་དང་། བསྒོམ་པ་ནི་ཡིད་ལ་ངེས་པའི་དོན་གོམས་སུ་འཇུག་པའམ་ཉམས་སུ་ལེན་པ་ལ་ཟེར།
   སྤྱིར་བྱ་བ་གང་ཞིག་སྒྲུབ་ཀྱང་ཐོགམཐའ་བར་གསུམ་དུ་རིམ་བཞིན་སྒྲུབ་དགོས་ལ། བླ་མས་ཆོས་འཆད་པ་དང་དགེ་རྒན་སློབ་ཁྲིད་བྱེད་ཀྱང་ཐོག་མཐའ་བར་གསུམ་དུ་དགེ་བའམ་ལེགས་པོ་བཞིན། ཐ་ན་ཁ་འདོན་དགེ་སྦྱོང་ཙམ་མ་གཏོགས་མ་བྱེད་ཚེ་ཡང་སྦྱོར་དངོས་རྗེས་གསུམ་ཞེས་གོ་རིམལྡན་པའི་མིང་གི་རྣམ་གྲངས་ཡོད་ལ། དེ་ལྟར་སློབ་ཐུན་མང་པོ་དངསྦྱངས་ཚན་མཉམ་འཛོམས་ཅན། སྤུས་ཚད་ཆེ་ཞིང་ཤེས་རིག་སྣ་མང་ཚོགས་པའི་དེང་རབས་ཀྱི་སློབ་ཁྲིད་ལ་དེ་ལས་ཀྱང་གོ་རིམ་ལྡན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས།སྦྱོར་དངོས་རྗེས་གསུམ་ལས་སྦྱོར་བ་ནི་སློབ་ཁྲིད་དངོས་སུ་མ་ཚུགས་གོང་དུ་གྲ་སྒྲིག་ལ་ཟེར།སེམས་སུ་རྗེས་སུ་དགེ་རྒན་གྱི་སློབ་ཁྲིད་དེ་ཤེས་འདོད་ཀྱི་བློ་སེམས་བཅངས་བ་དང་འཁྲིད་བྱའི་ནང་དོན་དེ་ལ་རང་གིས་སྔོན་དུ་སྔོན་སྦྱོང་བྱ་ནས་དོན་རྟོགས་དཀའ་བ་ལ་རྟགས་རྒྱག་པ་དང་ཐ་སྙད་གོ་དཀའ་བ་རྣམས་ཚིག་མཛོད་དུ་འཚོལ་དགོས།མདོར་ནསྔོན་སྦྱོངདུ་མ་གོ་བ་དང་ཐེ་ཚོམ་ཡོད་ནཟིན་འབྲི་ཏུ་ཕེབས་ནས་རྗེས་སུ་དགེ་རྒན་གྱིས་སློབ་ཁྲིད་དངོས་སུ་ཐེ་ཚོམ་གཅོད་ཨེ་ཐུབ་ལྟོས་དགོས།
   དེ་རྗེས་དངོས་ནི་སློབ་ཁྲིད་དངོས་གཞི་ཚོགས་པ་ལ་ཟེར། སློབ་ཁྲིད་སྐབས་ཀྱི་དུས་ཚོད་ནི་སློབ་སྦྱོང་བྱེད་སྐབས་ཆེས་གལ་འགགས་ཆེ་བའི་དུས་ཚོད་ཡིན་ལ་སྐབས་འདི་དམ་པའི་གསུང་སྒྲོས་ལས་སྣོད་ཀྱི་སྐྱོན་གསུམ།དྲི་མ་དྲུག།མི་འཛིན་པ་ལྔའི་སྐྱོན་སོགས་སྤངས་ནས། མདོར་ན་ལུས་ངག་ཡིད་གསུམ་དེ་བློ་རྩེ་གཅིག་ཏུ་སྒྲིམ་དགོས་ཀྱང་བློ་དེ་ཡང་ཧ་ཅང་ལྷོད་མི་རུང་ལ་གྲིམས་པོ་ཡིན་མི་རུང་། དགེ་རྒན་གྱི་སློབ་ཁྲིད་ཀྱི་རིག་ལམ་དང་བསྟུན་ནས་རྣམདཔྱོད་བློ་གྲོས་ཀྱིསསློབ་ཁྲིད་ཀྱི་རྣམ་པར་ཞིབ་མོ་བློས་དཔྱོད་དགོས། དགེ་རྒན་གྱི་དྲི་བ་ལ་ལན་འདེབས་མང་པོ་བྱ་དགོས།མཐའ་མ་རྗེས་ནི་སློབ་ཁྲིད་ཟིན་པའི་རྗེས་སུ་ཇི་ལྟར་བྱ་བ་ལ་ཟེར།སློབ་ཁྲིད་ཚར་རྗེས་རང་གི་སློབ་ཁྲིད་ལ་ཉན་པའི་དོན་རྣམས་སེམས་སུ་སྲ་བརྟན་ཡོང་ཕྱིར་བསྐྱར་སྦྱོང་ལེགས་པར་བྱ་དགོས།སྐྱར་སྦྱོང་དེ་ཡང་སློབ་སྦྱོང་བྱེད་པའི་གོ་རིམ་དུ་ཧ་ཅང་གལ་ཆེ་བའི་རིམ་པ་ཞིག་ཡིན།པཎ་ཆེན་དཀོན་མཆོགའཇིགས་མེད་དབང་པོས།དཔེ་ཆ་མི་འཛིན་དཔེ་ཀློག་ཙམ་ལ་རེ། །འབྲི་རྩོམ་མི་ནུས་ལེ་ལོའི་གོ་ཆ་འཛིན། །སྐྱོར་སྦྱོང་མི་ནུས་གཉིད་དང་འདུ་འཛིན་ཆགས། །འདི་དག་སློབ་གཉེར་གེགས་པ་གཙོ་བོ་ཡིན། །གསུངས་བ་བཞིན་སྐྱར་སྦྱོང་ནི་ཤིན་ཏུ་གལ་ཆེའོ། །དེ་མིན་ནོམ་ཆི་མཁན་པོས་བརྩོན་པས་རབ་ཏུ་བརྡར་བ་ཡི། །རིན་ཆེན་རལ་གྲིས་འཁྲི་ཤིང་གཅོད། །ཡང་ཡང་སྦྱངས་པའི་ཤེས་རབ་ཀྱིས། །རྨོངས་པའི་དྲ་བ་གཅོད་པར་བྱེད། །དེ་མིན་སྐྱར་སྦྱོང་དེ་ཡང་དེང་རབས་ཀྱི་དྲན་ཤེས་རིག་པའི་དོན་དང་མཐུན་པ་སྐྱར་སྦྱོང་དེ་ཡང་མགྱོགས་མྱུར་དང་ཐེངས་མང་དུ་བྱ་དགོས་སོ། །
   གསུམ་པ།སློབ་སྦྱོང་བྱེདསྐབས་ཀྱི་མངོན་གསལ་གྱི་སྐྱོན་འགའ་གླེང་བ།
   སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་མ་རང་ངོས་ཀྱི་སྣོད་ཀྱི་སྐྱོན་གསུམ་དང་དངོས་སུ་སློབ་ཁྲིད་སྐབས་སུ་མི་འཛིན་པ་ལྔ་ཡི་སྐྱོན་མ་ཚད། ད་དུང་སྐྱོན་འགའ་མཆིས་པ་འདི་ལྟར།དོན་གཉེར་གྱི་འདུན་པ་མི་གསལ་བ། བརྩོན་འགྲུས་ཀྱི་ཤུགས་ཞན་པ།སྔོན་སྦྱོང་དང་སྐྱར་སྦྱོང་མི་བྱེད་པ། བསམ་བློས་རྟོག་དཔྱོད་མི་བྱེད་པ། དང་པོ་དོན་གཉེར་གྱི་འདུན་པ་མི་གསལ་བ་ནི་སློབ་མ་དེ་ལ་ངེས་བརྟན་གྱི་ཕུགས་བསམ་ཞིག་མེད་པའམ་གསལ་བ།ཡང་ན་སློབ་སྦྱོང་གེ་ཆུ་ཚད་ཧ་ཅང་ཞན་པས་སློབ་སྦྱོང་གི་སྙིང་སྟོབས་ཞན་པ།དེ་ཕྱིར་སློབ་སྦྱོང་གི་འགུལ་ཤུགས་ཡང་ཞན་པས་སློབ་སྦྱོང་ཡང་དག་བྱེད་མི་ཐུབ། གཉིས་པ་བརྩོན་པ་ཡང་བརྩོན་གང་དགེ་ལ་སྤྲོ་བའོ་ཞེས་གསུངས་བ་བཞིན་སློབ་སྦྱོང་ངམ་རིག་གནས་སྦྱོང་རྒྱུ་དེ་ནམ་ཡིན་ཡང་དགའ་སྤྲོ་དངསྐལ་བ་བཟང་པོ་ཞིག་ཡིན་བསམ་དགོས་ལ་བརྩོན་འགྲུས་ཀྱི་དགྲ་བོ་ལེ་ལོ་རྣམ་གསུམ་སྤངས་དགོས། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོའོ། དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་བྱ་བ་ངན་ཞེན་དང་སྒྱིད་ལུག་བདག་ཉིད་བརྙས་པའོ། །གསུམ་པ་སྔོན་སྦྱོང་དང་སྐྱར་སྦྱོང་མི་བྱེད་པ་གོང་དུ་གལ་ཆེ་བ་ཡིན་པ་བསྟན་ཡོད་ལ།བསམ་བློས་རྟོག་དཔྱོད་མི་བྱེད་པ་ནི་སློབ་སྦྱོང་སྐབས་སུ་བསམ་བློ་མི་གཏོང་བ་ལཟེར། གོང་ཐང་བསྟན་པའི་སྒྲོན་མེ་ཡིས།གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང། །དོན་ལ་མི་སེམས་རིན་གྲོ་ཆོས་ཀློག་བཞིན། །ནེ་ཙོའི་ཁ་འདོན་ལྟ་བུ་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་བས། །དོན་ལ་རྟག་དཔྱད་ཞིབ་མོ་གྱིས་ཤིག་ཨང། །གསུངས་བ་ཤིན་ཏུ་བདེན་ནོ། ཡང་གོང་གི་སྐྱོན་རྣམས་ལ་ལེགས་པར་བརྟག་ནས་སྤངས་ཨེ་ཐུབ་ལྟ་དགོས་སོ།
   མཇུག་གཏམ།

   འདུལ་བ་སུམ་བརྒྱ་པ་ལས།སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནིའདོན་ལ་རྟག་པ་དང་། གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཅེས་གསུངས་བ་བཞིན།མདོར་ན་རང་བཞིན་གྱིས་བློ་གསལ་ཞིང་སྐྱེས་སྦྱངས་ཤེས་རབ་རྣོན་པོས་འདོད་པ་སྦྱོར་བྱུང་གི་དོན་གཉེར་ཡོད་ནཡོནཏན་གོང་ནས་གོང་དུ་འཕེལ་བ་དང་། ཡིད་ཆེས་ཀྱིས་མོས་གུས་དང་བཅས་་དགེ་རྒན་རྣམས་ལས་ཤེས་རིག་གི་བདུད་རྩི་་འཚེང་མེད་དུ་འཐུང་དགོས། དེ་ལྟར་སློབ་མས་ཇི་ལྟར་སློབ་སྦྱོང་བྱེད་ཚུལ་གྱི་རྩོམ་འདི་ནང་དམ་པ་རྣམས་ཀྱི་ལུང་ཚིག་ལེགས་བཤད་ལ་འདྲི་ཀློག་སྔོན་དུ་བཏང་ཐོག་མཁྱེན་ལྡན་དགེ་རྒན་རྣམས་ལ་འདྲི་བ་དང་།སློབ་མ་རྣམས་ལ་ཞིབ་གཤེར་བྱས་པ་དང་རང་གི་མྱོང་ཚོད་ཅུང་ལ་བརྟན་ནས་རྩོམ་འདི་འབྲི་ཁུལ་བྱས་པས་སློབ་མ་རྣམས་ལ་ཨེ་ཕན་གྱི་ལྷག་བསམ་ཙམ་ལས་མཁས་པ་དགོད་བྲོ་བའི་ག་ཞ་ལསདགའ་བའི་རྒྱུ་རུ་མི་འོས་བས་ཐ་ན་ཁེངས་བསྐྱངས་ཀྱི་དབང་ཆ་ཡང་མེད་པའི་རྒྱུ་མཚན་ནི་ཁེངས་བསྐྱངས་བྱེད་པའི་རྒྱུ་ཡང་མེད་པའི་ཕྱིར་རོ། དཀར་མཛེས་ཁུལ་ཁམས་པའི་དྲ་བའི་སློབ་གྲྭའི་དགེ་རྒན་ཡེ་ཤེས་རྒྱ་མཚོ་ནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1