ལྗར་པན་གྱི་སློབ་གསོའི་འདྲ་མཉམ།

ཐོས་ཡངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-08


   ལྗར་པན་ནི་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་སློབ་གསོ་འདྲ་མཉམ་ཚད་ཅུང་མཐོ་བའི་རྒྱལ་ཁབ་ཅིག་ཡིན་ཏེ། ལོ་ངོ༡༠༠ཡི་ཡར་སྔོན་ནས་མགོ་བརྩམས་ཏེ། ལྗར་པན་གྱིས་སློབ་གསོ་འདྲ་མཉམ་འབྱུང་བ་དང་ཁྱབ་གདལ་དུ་གཏོང་བ། སློབ་གསོའི་སྒྲིག་ཆས་ཀྱི་བཀོད་སྒྲིག་དོ་མཉམ་ཡོང་བ། སློབ་ཁྲིད་ཀྱི་བླང་བྱ་རྒྱལ་ཡོངས་གཅིག་གྱུར་བྱེད་པ། དགེ་རྒན་གྱི་ཐོན་ཁུངས་དུས་བཅད་ལྟར་བརྗེ་རེས་བྱེད་པ་དང་སློབ་མ་ཐག་ཉེ་རུ་སློབ་ཞུགས་བྱས་ཆོག་པ་སོགས་ལ་མཐོང་ཆེན་བྱས། བྱེད་སྟངས་འདི་དག་གིས་ལྗར་པན་གྱི་སློབ་གསོ་འདྲ་མཉམ་ཡིན་པ་མཚོན་ཡོད།
   འདྲ་མཉམ་གྱི་ཁྱད་ཆོས།
   ༡.སློབ་གྲྭའི་སྒྲིག་ཆས་ཆ་སྙོམས་སུ་བཀོད་སྒྲིག་བྱས་ནས། སློབ་གྲྭའི་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ།
   ལྗར་པན་གྱི་རྒྱལ་གཉེར་དང་གཞུང་གཉེར་གྱི་སློབ་གྲྭ་ཆུང་འབྲིང་ནི་སློབ་ཁུལ་ལྟར་དབྱེ་ཡང་སློབ་གྲྭ་སྤྱིའི་ཆུ་ཚད་དང་རྒྱ་ཁྱོན་ལ་ཁྱད་པར་ཆེན་པོ་མི་འདུག ཀྲུང་དབྱང་ནོར་སྲིད་དང་ནོར་སྲིད་གྲོན་དངུལ་ཚད་ལྡན་ལྟར་རྒྱལ་ཡོངས་མངའ་ཁོངས་ནས་འོས་འགན་སློབ་གསོའི་སློབ་གྲྭ་དག་སློབ་སྒྲུབ་ཀྱི་ཆ་རྐྱེན་གཅིག་མཐུན་ཡིན་པ་ཁག་ཐེག་བྱས་ཏེ། སློབ་གྲྭ་རེར་སློབ་ཁྲིད་ཐོག་ཁང་རེ་དང་། ལུས་རྩལ་ར་བ་རེ། ལུས་རྩལ་ཁང་རེ། ཆུ་རྐྱལ་རྫིང་བུ་རེ་བཅས་གང་ནུས་ཀྱིས་སློབ་གྲྭའི་བར་དུ་སྒྲིག་ཆས་ལ་ཁྱད་པར་མི་འབྱུང་བར་བྱས་ཏེ་སློབ་སྒྲུབ་ཆ་རྐྱེན་དོ་མཉམ་པར་བརྩོན་པ་ཡིན།
   ༢.གཞུང་གཉེར་སློབ་གྲྭ་ཆུང་འབྲིང་དུ་འཛིན་གྲྭ་གཙོ་གནད་མི་དགར་བར། སློབ་མ་རྣམས་འདྲ་མཉམ་་གྱི་རྒྱུག་མགོ་རྩོམ་ས་གཅིག་ཏུ་ཡོད།
   ལྗར་པན་གྱི་འོས་འགན་སློབ་གསོའི་དུས་རིམ་དུ། རྒྱལ་ཡོངས་གཅིག་གྱུར་དང་ཚད་ལྡན་གྱི་སློབ་ཁྲིད་བླང་བྱ་ལག་བསྟར་བྱེད་པ་ཡིན་ཏེ། རིག་རྩལ་ཚན་རིག་ཧྲིན་གྱིས་ནན་ཏན་གཅིག་གྱུར་གྱིས་དགེ་རྒན་གྱི་མི་གྲངས་དང་། འཛིན་གྲྭའི་ཆེ་ཆུང་། བསླབ་ཚན་གྱི་བཀོད་སྒྲིག་སོགས་གཏན་འབེབས་བྱེད་པ་ཡིན། གཞུང་གཉེར་སློབ་གྲྭ་ཆུང་འབྲིང་དུ་འཛིན་གྲྭ་གཙོ་གནད་མི་དགར་བ་དང་།སློབ་གྲྭ་སོ་སོའི་འཛིན་གྲྭ་ཚང་མས་གཅིག་གྱུར་གྱིས་སློབ་ཁྲིད་བླང་བྱ་དང་བསླབ་ཚན་བཀོད་སྒྲིག གསོ་སྐྱོང་དམིགས་ཡུལ། སློབ་ཁྲིད་བྱེད་སྟངས་སོགས་ལག་བསྟར་བྱེད་པ་དང་། ཆེད་དུ་དམིགས་བསལ་གྱི་སློབ་གསོའི་དམིགས་ཡུལ་ལ་སྙེག་གི་མེད། སློབ་གྲྭ་ཆུང་འབྲིང་ཐམས་ཅད་ཀྱི་སློབ་མ་ཕལ་ཆེ་བ་མཉམ་དུ་རྒྱུག་སྐུད་སྟེང་དུ་འདྲ་མཉམ་གྱི་ཡོད་ལ། ཡང་ཕལ་ཆེ་བ་ཞིག་ཁྱད་པར་མེད་པར་འདྲ་མཉམ་གྱི་ཡར་སྐྱེད་ཡོང་བཞིན་ཡོད་དོ། །
   ༣.དགེ་རྒན་ལོ་ངོ༧རེ་དང་སློབ་གཙོ་ལོ་ངོ༥རེའི་ནང་དུ་སློབ་གྲྭ་གཞན་དུ་བརྗེ་རེས་བྱེད་པ།
   ལྗར་པན་དུ་གཞུང་གཉེར་རྨང་གཞི་སློབ་གསོའི་སློབ་གྲྭའི་མངའ་ཁོངས་ནས་དགེ་རྒན་དུས་བཅད་རེས་འཁོར་གྱི་ལམ་ལུགས་ལག་བསྟར་བྱེད་པ་སྟེ། དགེ་རྒན་ཞིག་སློབ་གྲྭ་ཞིག་ཏུ་ཆེས་མང་ནའང་བསྟུད་མར་ལོ་ངོ༧ལ་སློབ་ཁྲིད་བྱས་རྗེས་སློབ་གྲྭ་གཞན་ལ་བརྗེ་སྤོར་བྱེད་དགོས། དེའི་ནང་དུ་གྲོང་ཁྱེར་གྱི་དགེ་རྒན་ཞིང་གྲོང་དུ་སོང་ནས་སློབ་ཁྲིད་བྱེད་པའང་འདུའོ། ། གཞན་ཡང་ལྗར་པན་དུ་སློབ་གཙོ་ལོ༥ནང་བརྗེ་སྤོར་ཐེངས་གཅིག་བྱེད་པ་གཏན་འཁེལ་བྱས་ཡོད། དེར་མ་ཟད་སློབ་གྲྭ་གཅིག་ཏུ་བསྟུད་མར་ལས་འཁུར་བྱེད་མི་རུང་།བྱེད་ཐབས་འདིས་སློབ་གཙོས་སློབ་སྒྲུབ་ཀྱི་ཉམས་མྱོང་གསོག་ཐུབ་པར་མ་ཟད། གཏན་འཇགས་ཀྱི་བསམ་གཞིག་ཅིག་ཆགས་པར་གཡོལ་ཐུབ་ལ། སློབ་གཙོས་སློབ་གྲྭ་དོ་དམ་བྱེད་པར་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ།
   ༤.སློབ་སྦྲེལ་ས་ཁོངས་ཀྱི་ལམ་ལུགས་ལག་བསྟར་བྱས་པས་སློབ་མས་སློབ་གྲྭ་གདམ་པར་སེམས་ཁྲལ་བྱེད་མི་དགོས་པ།
   ལྗར་པན་དུ༡༩༦༨ལོར“སློབ་སྦྲེལ་ས་ཁོངས་ཀྱི་ལམ་ལུགས”ལག་བསྟར་བྱེད་མགོ་བརྩམས། གཞུང་གཉེར་སློབ་གྲྭ་ཆུང་འབྲིང་དུ་སློབ་གཉེར་བྱེད་པའི་སློབ་མར་སློབ་སྦྲེལ་ས་ཁོངས་ཀྱི་སློབ་གྲྭར་ཞུགས་དགོས་པར་ཐག་བཅད་ཡོད། གཞུང་གཉེར་སློབ་གྲྭའི་བར་ཁྱད་པར་ཆེན་པོ་མེད་པས། ཁྱིམ་བདག་དང་བྱིས་པས་སློབ་གྲྭ་གདམ་པར་སེམས་ཁྲལ་བྱེད་མི་དགོས་པར་ཐག་ཉེ་བའི་སློབ་གྲྭར་ཞུགས་ཆོག
   འདྲ་མཉམ་གྱི་ཐབས་ཤེས།
   ༡.འཐུས་སྒོ་ཚང་བའི་སློབ་གསོའི་ཁྲིམས་སྲོལ་གཏན་འབེབས་བྱས་ཡོད་པ།
   ལོ་ངོ་མང་པོའི་རིང་ལག་ལེན་འཚོལ་ཞིབ་བྱས་པས། ལྗར་པན་གྱིས་སློབ་གསོ་འདྲ་མཉམ་གྱི་མ་ལག་ཆ་ཚང་ཞིང་གོ་རིམ་གསལ་བ། ནང་དོན་འཐུས་ཚང་ཞིག་གསར་འཛུགས་བྱས་ཡོད་དེ། 《སློབ་གསོའི་གཞི་རྩའི་བཅའ་ཁྲིམས》ནང་དུ“སློབ་གསོའི་གོ་སྐབས་ཆ་མཉམ”ཡིན་དགོས་པ་ཁྲིམས་ལུགས་ཀྱི་དོན་ཚན་དུ་གསལ་བོར་བཀོད་ཡོད་པ་མ་ཟད། རྒྱལ་ཁབ་དང་ས་གནས་ཀྱི་སྤྱི་པའི་ཚོགས་པས་ངེས་པར་དུ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་བྱེད་ཐབས་སྤྱད་ནས་དཔལ་འབྱོར་དཀའ་ཁག་ཅན་གྱི་སློབ་མར་སློབ་གྲྭ་ནས་སློབ་སྦྱོང་བྱེད་པར་རོགས་རམ་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། 《རྒྱལ་ཁབ་གཞུང་ཞབས་པའི་བཅའ་ཁྲིམས》ནང་དུ་དགེ་རྒན་དུས་བཅད་རེས་འཁོར་བྱེད་དགོས་པ་གཏན་འཁེལ་བྱས་ཡོད་པ་དང་། 《དབེན་གནས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས》དུ། མཐའ་འཁོབ་ས་ཁུལ་གྱི་སློབ་གསོར་གསེག་པ་དང་རོགས་སྐྱོར་བྱེད་དགོས་པ་གཏན་འབེབས་བྱས་ཡོད།
   ད་ལྟ་སྤྱོད་བཞིན་པའི《སློབ་གྲྭའི་སློབ་གསོའི་བཅའ་ཁྲིམས》སུ་དམིགས་བསལ་དུ་ཐུན་མོང་མ་ཡིན་པའི་གྲོས་ཆོད་དོན་ཚན་ཞིག་བཀོད་ཡོད། དེ་ནི་གཞུང་གཉེར་གྱི་དམའ་འབྲིང་དང་མཐོ་འབྲིང་ལུགས་གཅིག་ཅན་གྱི་འབྲིང་རིམ་སློབ་གསོའི་སློབ་གྲྭར་སྒྲིག་འཛུགས་བྱས་ཡོད་པ་རྣམས་རྣམ་པ་འགྱུར་ནས“སློབ་རྒྱུགས་ཕུལ་བྱུང་གི་སློབ་གྲྭའི”རྣམ་པར་གཏན་ནས་བསྒྱུར་མི་ཆོག ལམ་ལུགས་མ་ལག་འདི་དག་ལ། ཁྲིམས་ལུགས་ལག་བསྟར་བྱེད་པའི་ནུས་པ་ཡོད་པར་མ་ཟད། དུས་མཚུངས་སུ་དེར་བཀོད་པའི་དོན་ཚན་རྣམས་བྱེ་བྲག་དང་ཞིབ་ཕྲ་ཡིན་པ། ཚད་ལྡན་དང་ཁ་གསལ་ཡིན་པས་སྤྱི་ཚོགས་ཧྲིལ་བོར་སློབ་སྦྱོང་དྲིལ་སྒྲོག་བྱེད་པར་སྟབས་བདེའོ། ། གཞན་ཡང་། ལྗར་པན་གྱིས་ཡུན་རིང་བོར་སློབ་གསོར་མ་དངུལ་གཏོང་ཚད་ཅུང་མཐོ་བ་ཞིག་རྒྱུན་འཛིན་བྱས་ཡོད། ཉེ་བའི་ལོ་ཤས་རིང་ལ་མ་དངུལ་གྱི་གཏོང་ཚད་ཀྱང་ལོ་རེར་གོང་དུ་སྤེལ་བཞིན་ཡོད།
   ༢.འདྲ་མཉམ་གྱི་སློབ་གསོའི་འདུ་ཤེས་ཁྱབ་གདལ་དུ་གཏོང་བ།

   ལྗར་པན་གྱི་སྤྱི་ཚོགས་སུ་ཡོངས་ཁྱབ་ཏུ“འདྲ་མཉམ”གྱི་བྱིས་པའི་ལྟ་བ་ཡོད་ལ། བྱིས་པ་དང་ཁྱིམ་བདག་གང་ཡིན་རུང་ཚང་མས་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་ཞིག་བསྒྲུབས་ན་ངེས་པར་དུ་ལེགས་འགྲུབ་འབྱུང་བ་དང་། གལ་ཏེ་ལེགས་འགྲུབ་མ་བྱུང་ན། འབད་བརྩོན་གྱིས་མ་འདང་བར་འདོད། ལྗར་པན་གྱི་འོས་འགན་སློབ་གསོའི་ཁྲོད་ཡོངས་ཁྱབ་ཏུ“འདྲ་མཉམ”གྱི་སློབ་གསོའི་མཛུབ་སྟོན་དང་གདེང་འཇོག་བྱེད་བཞིན་ཡོད། དཔེར་ན། རྒྱུགས་འབྲས་ནི་གཙོ་བོ་དགེ་རྒན་གྱི་སློབ་ཁྲིད་ཀྱི་འབྲས་བུའི་ཚད་འཇལ་བ་ཡིན་པ་ལས་སློབ་མའི་སློབ་སྦྱོང་གི་ཚད་འཇལ་བ་མིན། གཏམ་བཤད་དང་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་ལ་འཛིན་གྲྭ་ཡོངས་མཉམ་དུ་ཞུགས་དགོས་ཤིང་། འཁྲབ་མཁན་ནི་རྒྱན་འཕངས་ནས་ཐག་གཅོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1