བསྟན་བཅོས་ཀྱི་སྔོན་འགྲོ་ལས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་སྐོར་གླེང་བ།

ཤ་ལོ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང༢༠༡༣ལོའི་རབ་འབྱམས་ཞིབ་འཇུག་སློབ་མ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-08


   [གནད་བཏུས] དཔྱད་རྩོམ་འདིར་བོད་ཀྱི་སྔོན་བྱོན་མཁས་པས་མཛད་པའི་བསྟན་བཅོས་ཀྱི་སྔོན་འགྲོ་ལས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་སྐོར་ལ་ལུང་དཔེ་རིགས་གསུམ་གྱི་ལམ་ནས་ཅུང་ཙམ་དཔྱད་ཡོད།
   [གནད་ཚིག] བསྟན་བཅོས། མཆོད་བརྗོད། རྩོམ་པར་དམ་བཅའ་བ།
   དང་པོ། མཆོད་བརྗོད་དང་དེའི་དབྱེ་བ།
   གཅིག མཆོད་བརྗོད་ཀྱི་དགོས་པ་དང་བྱུང་ཁུངས།
   ཇི་སྐད་དུ། རྣམ་དཀར་ལས་རྣམས་གང་བྱེད་ཀྱང་། ། དེ་ཡི་ཐོག་མར་རྒྱལ་བ་མཆོད། ། ཅེས་དང་། ལྷག་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ། ། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་མཆོད་བརྗོད་ནི་རྩོམ་པ་མཐར་ཕྱིན་པ་སོགས་དགོས་པ་འགྲུབ་པའི་ཕྱིར་དང་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དོན་ཡིན།“གནའ་བོའི་རྒྱ་གར་དུ། ཕྱི་ནང་གི་མཁས་པ་སུ་ཡིན་ཡང་བསྟན་བཅོས་གང་ཞིག་རྩོམ་པ་ལ་འཇུག་སྐབས། རང་གི་དད་ཡུལ་གྱི་ལྷའམ། རང་ལ་བཀའ་དྲིན་ཆེ་བའི་བཤེས་གཉེན་སོགས་མདོར་ན། རང་གི་སེམས་ལ་སུ་རྩ་ཆེ་བ་དང་གང་འགངས་ཆེ་བ་དེ་དྲན་པའི་སྒོ་ནས་མཆོད་བརྗོད་རེ་འབྲི་བའི་སྲོལ་ཤིན་ཏུ་རྒྱུགས་ཆེ་བས།”①བོད་རང་ལའང་རྒྱ་གར་རིག་གནས་ཀྱི་ཐད་ཀའི་ཤུགས་རྐྱེན་འོག་རྩོམ་སྲོལ་འདི་དར་བ་ཡིན་ལ། དེ་ནས་བཟུང་བོད་རང་གི“སྐྱེས་བུ་དམ་པ་དག་བྱ་བ་ཁྱད་པར་ཅན་ལ་འཇུག་པ་ན་ཐོག་མར་རང་གང་ལ་དད་པའི་ལྷ་ལ་ཕྱག་བྱས་ནས་བྱ་བ་དེ་ལ་འཇུག་པའི”②སྔོན་འགྲོའི་རྩོམ་སྲོལ་དེ་བྱུང་བ་ཡིན།
   གཉིས། དབྱེ་བ།
   ས་པཎ་མཁས་འཇུག་ལས།“བསྟན་བཅོས་བྱེད་པའི་དམ་པ་ཡི། ། སྟོན་པ་ལ་ནི་མཆོད་བརྗོད་བྱ། ། བསྟན་པ་སྤེལ་ཕྱིར་དག་པའི་ཚིག ། འདི་ལ་འཐད་པ་བཟང་བོ་མཐོང་། ། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། ། ཤིས་པ་བརྗོད་སོགས་མི་འགལ་ཏེ། ། ཐམས་ཅད་དུ་ཡང་སྟོན་པ་ཡི། ། ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །”③ ཞེས་གསུངས་པ་ལྟར་མཆོད་པའི་མཐའ་ཅན་དང་། བསྟོད་པའི་མཐའ་ཅན། འདུད་པའམ་ཕྱག་འཚལ་བའི་མཐའ་ཅན། ཤིས་པ་བརྗོད་པའི་མཐའ་ཅན་བཅས་མི་འགལ་ཏེ་ཐམས་ཅད་སངས་རྒྱས་བྱང་སེམས་དང་དངོས་བརྒྱུད་ཀྱི་བླ་མ་སོགས་ཀྱི་ཆེ་བ་འབའ་ཞིག་སྟོན་པའི་ཕྱིར་ཡིན་པས། འདིར་བཤད་པའི་མཆོད་བརྗོད་ཀྱི་དབྱེ་བ་ཡིན་པའང་བཤད་མ་དགོས་པ་རེད།
   ༡.མཆོད་པའི་མཐའ་ཅན།
   རྩོམ་པའི་སྐབས་ཀྱི་མཆོད་པ་ནི་རང་གི་མཆོད་པར་འོས་པའི་རྟེན་དེར་སྒོ་གསུམ་མི་ཕྱེད་པའི་དད་པའི་ངང་ནས་དེའི་ཡོན་ཏན་ལ་བསྟོད་པ་སྟེ། འདི་དང་འོག་ཏུ་འབྱུང་བའི་དབྱེ་བ་རྣམས་ནི་སྤྱི་བྱེ་བྲག་གི་ཁྱད་པར་ཙམ་མོ། ། དཔེར་ན། སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་ལས།“ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གཞོན་ནུ་ལྟར། ། གང་སྐུའི་ཉིན་བྱེད་འོད་སྟོང་རབ་འཕྲོས་པས། ། ལུས་ཅན་ཕན་བདེའི་པད་ཚལ་རྒྱས་པར་མཛད། ། བླ་མེད་བླ་མ་མཆོག་དེ་སྤྱི་བོས་མཆོད། །”④ཅེས་ཆོས་ཀྱི་རྒྱལ་བ་སྟེ་སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ་ལས་རྩ་བའི་བླ་མ་མཆོག་དེའི་ཡོན་ཏན་བརྗོད་ནས་སྤྱི་བོར་མཆོད་པ་དང་། ཡང་ཇོ་ནང་ཆོས་འབྱུང་ལས།“རབ་དཀར་བསིལ་ལྗོངས་ནོར་འཛིན་ཡངས་པའི་གཞིར། ། ནགས་རྒྱལ་རྡོ་རྗེ་ལྷ་མོས་བསྟེན་པའི་གནས། ། གང་དེར་རྫོགས་ལྡན་ཆོས་མཛོད་ལེགས་ཕྱེ་བའི། ། ཆོས་རྗེ་ཇོ་ནང་པ་ལ་གུས་པས་མཆོད། །”⑤ཅེས་ཆོས་རྗེ་ཇོ་ནང་པའི་ཡོན་ཏན་ལ་རབ་ཏུ་དད་པས་མཆོད་པར་བྱས་པ་ལྟ་བུའོ། །
   ༢.བསྟོད་པའི་མཐའ་ཅན།
   བསྟོད་པའི་སྒོ་ནས་མཆོད་པར་བརྗོད་ཚུལ་འདི་ནི་མཁས་པ་འཇམ་དབྱངས་ཁ་ཆེས།“སྡེབ་ལེགས་ཕྲེང་བའི་བསྟོད་པས་མཆོད་ན་ལྷག་པའི་ལྷ་ཡི་ཞལ་ཡང་སྟོན།”⑥ ཞེས་གསུངས་པས་མཆོད་བརྗོད་ཀྱི་རིགས་འདི་ལས་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ་ལས།“མཉེས་གཤིན་བྱམས་པས་རྟག་ཏུ་བརླན་ཡང་ནག་པོའི་རྩ་ལག་སྲེག། ཤིན་ཏུ་བཅད་དཀའི་འཆིང་བ་བཅད་ཀྱང་སྙིང་རྗེས་དམ་དུ་བཅིངས། ། ཞི་བའི་བཏང་སྙོམས་རྒྱུན་དུ་ལྡན་ཡང་བདག་པས་གཞན་ལ་གཅེས། ། འཇམ་དབྱངས་ཞབས་ལ་གུས་པས་བཏུད་ནས་མི་ཕམ་མགོན་ལ་བསྟོད། །”⑦ ཅེས་མི་ཕམ་མགོན་ལ་བསྟོད་པའི་སྒོ་ནས་མཆོད་པར་བརྗོད་པ་དང་། ཡང་རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ་ལས།“རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་བཤའ་གཏེར་གདུང་གསོབ་སྔགས་འཆང་རྒྱལ་པོ་ཧེ་རུ་ཀ ། ཇོ་འབུམ་སྐུ་མཆེད་རྣམ་གསུམ་གླང་ཤར་བྱ་འཆད་བརྒྱུད་འཛིན་བཀའ་གདམས་པ་ཞེས་རྒྱལ་བའི་སྲས། ། རིགས་གསུམ་གར་མཁན་འཁོན་རིགས་ས་སྐྱའི་བླ་ཆེན་རྗེས་འབྲངས་བཅས་དང་ཤོང་དཔང་བུ་སྟོན་ཞབས། ། གངས་ཅན་བསྟན་པ་ཡུན་དུ་སྲོག་འཚོའི་བདུད་རྩིའི་བུམ་བཟང་ཚོགས་ལ་སྙིང་ནས་དང་བས་བསྔགས། །”⑧ཞེས་བསྟོད་པའམ་བསྔགས་པའི་སྒོ་ནས་མཆོད་པར་བརྗོད་པ་ལྟ་བུའོ། །
   ༣.འདུད་པའམ་ཕྱག་འཚལ་བའི་མཐའ་ཅན།
   འདུད་པ་ནི་དད་པའམ་གུས་པ་ལ་གོ་དགོས་ཤིང་།ཕྱག་འཚལ་བ་ལ་ངེས་པ་གསུམ་སྟེ། རབ་ལྟ་བ་བརྡ་འཇལ་བའི་ཕྱག འབྲིང་བསྒོམ་པ་སྒོམ་པའི་ཕྱག ཐ་མ་མོས་གུས་ཡ་རབས་ཀྱི་ཕྱག་ཅེས་གསུམ་དུ་བརྗོད་པ་ལྟར། འདིར་བླ་མ་དང་སྐྱབས་གནས་དཀོན་མཆོག་སོགས་ལ་གུས་ཞབས་མཚོན་པ་ཞིག་ཡིན། དཔེར་ན། རོང་བོ་དགོན་ཆེན་གྱི་གདན་རབས་ལས།“སྡེ་སྣོད་གསུམ་གྱི་དོན་ལ་མཁས་པས་གསང་གསུམ་ཐུབ་པ་བཞིན་དུ་བཙུན། ། བསླབ་པ་གསུམ་གྱི་ཉམས་རྟོགས་འབར་བས་ལུང་དང་རིགས་པའི་འོད་སྟོང་འཕྲོ། ། མི་འཇིགས་བཞི་ལྡན་གསང་བ་རྒྱ་མཚོའི་འཕྲིན་ལས་རླབས་ཕྲེང་དགུང་ལ་བསྙེགས། ། རྒྱུད་སྡེ་བཞི་ཡི་རབ་འབྱམས་དཀྱིལ་འཁོར་སྤྲོ་ཞིང་བསྡུ་བའི་བྱེད་པོར་འདུད། །”⑨ཅེས་དད་པའམ་གུས་པ་སྟེ་འདུད་པའི་སྒོ་ནས་མཆོད་པར་བརྗོད་པ་དང་། ཡང་། ཞབས་དཀར་པའི་མགུར་འབུམ་ལས།“མཐའ་བྲལ་ལྟ་བ་བཟང་བོའི་གཡུ་རལ་རྒྱས་ཤིང་བྱིང་རྒོད་མེད་པའི་བདེ་གསལ་མི་རྟོག་སྒོམ་པའི་མཆེ་བ་གཙིགས། ། ཉམ་ང་མེད་པའི་ཤུགས་འབྱུང་འགགས་མེད་སྤྱོད་པའི་སྡེར་བཞི་བགྲད་ཅིང་སྐུ་གསུམ་འབྲས་བུའི་རྩལ་གསུམ་ལུས་ལ་རྫོགས། ། སྙན་པའི་ང་རོས་སྲིད་གསུམ་ཁྱོན་འགེངས་གངས་ཅན་ཁྲོད་ཀྱི་སེང་གཅིག་མི་ལ་ལ་སོགས་རྒྱ་བོད་མཁས་གྲུབ་ཀྱི། ། ཞབས་ལ་ཤུགས་དྲག་དད་པས་ལག་གཉིས་ཐལ་མོ་སྤྱི་བོར་སྦྱར་ཏེ་ཡང་ཡང་གུས་པ་ཆེན་པོས་ཕྱག་བགྱིའོ། །”⑩ཞེས་རྗེ་བཙུན་མི་ལ་ལ་སོགས་མཁས་གྲུབ་རྣམས་ལ་ལྟ་སྒོམ་སྤྱོད་གསུམ་གྱི་རྩལ་བརྗོད་པར་ཕྱག་འཚལ་བའི་སྒོ་ནས་མཆོད་པར་བརྗོད་པ་ལྟ་བུའོ། །
   ༤.ཤིས་པ་བརྗོད་པའི་མཐའ་ཅན།
   བོད་ཀྱི་བསྟན་བཅོས་ཕལ་ཆེ་བ་ཞིག་གི་མགོར་ཐོག་མར་བཀྲ་ཤིས་པའི་ཚིག་གིས་མདུན་བསུས་ནས་རིམ་པར་དངོས་གཞི་བརྗོད་ནས་མཇུག་བསྡུ་བ་ཡིན། བཀྲ་ཤིས་པའམ་ཤིས་བརྗོད་ཀྱི་ཚིག་དེ“མངོན་པར་འདོད་པའི་དངོས་པོ་ལ། ། སྨོན་པ་ཤིས་བརྗོད་ཞེས་བྱ་དཔེར། །”11ཞེས་རང་ཉིད་ཀྱིས་མངོན་པར་འདོད་པའི་དངོས་པོ་དེ་སྲུང་བའམ་ཐོབ་པའི་ཕྱིར་དུ། འདོད་བྱའི་དོན་དེ་གེགས་མེད་དུ་འགྲུབ་པའི་རེ་བ་འཆའ་བའི་སྨོན་ཚིག་ཅིག་ཡིན། དཔེར་ན། འཇམ་དཔལ་ཞལ་ལུང་ལས།“ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཚོགས་གཉིས་ཟླ་བའི་མ་མ་ལས། ། ལེགས་འཁྲུངས་མཐོང་ན་མི་མཐུན་མེད་པའི་མཚན་དཔེའི་ཡལ་འདབ་རབ་རྒྱས་རྩེར། ། རྣམ་པ་ཐམས་ཅད་མཁྱེན་པར་བྱེད་པའི་བླ་མེད་རོ་བརྒྱའི་འབྲས་སྨིན་པ། ། འགྲོ་བའི་བླ་མ་ཉི་མའི་གཉེན་གྱུར་ཡོངས་འདུའི་དབང་པོས་དགེ་ལེགས་སྩོལ། །”12ཞེས་དགེ་ལེགས་བསྩོལ་ཅིག་ཅེས་སྨོན་ཚིག་བརྗོད་དེ་རང་གི་འདོད་དོན་འགྲུབ་པར་རེ་བ་ལྟ་བུ་དང།ཡང་ཞབས་དཀར་པའི་མགུར་འབུམ་ལས།“མཁའ་མཉམ་འགྲོ་ཀུན་ཀུན་གྱིས་དུས་གཅིག་ཐེ་ཚོམ་ཞུས་ཀྱང་རེ་རེའི་མདུན་དུ་སྐུ་མཆོག་མཆོག་དེ་བསྟན་ནས་ཀྱང་། །སྙན་པའི་གསུང་དབྱངས་དབྱངས་ཀྱིས་གྲངས་མེད་འགྲོ་བ་དེ་དག་ཐེ་ཚོམ་རང་རང་སྒྲ་སྐད་སྐད་དུ་དུས་གཅིག་གཅོད། ། ཐུགས་ནི་ཆོས་དབྱིངས་དབྱིངས་ལས་གཡོ་བ་མེད་བཞིན་འཁོར་འདས་གཉིས་ཀྱི་ལེགས་དང་ཉེས་ཀུན་ཀུན་ཀྱང་ས་ལེར་མཁྱེན། ། ལུས་ཅན་མཐའ་དག་དག་ཞིང་འཁྲིད་ཕྱིར་འཁོར་བ་མ་སྟོངས་བར་དུ་སྣ་ཚོགས་མཛད་སྟོན་སྟོན་པ་མཉམ་མེད་རྒྱལ། །”13ཞེས་སྒྲ་རྒྱན་གྱིས་སྟོན་པའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་བསྔགས་ཏེ་ཤིས་ཚིག་བརྗོད་ཡོད་པ་ལྟ་བུའོ། །
   གཉིས་པ། རྩོམ་པར་དམ་བཅའ་བའི་དགོས་པ་དང་དབྱེ་བ།
   གཅིག རྩོམ་པར་དམ་བཅའ་བའི་དགོས་པ་དང་བྱུང་ཁུངས།
   རྩོམ་པར་དམ་བཅའ་བའི་ཚིག་སྔོན་དུ་སྨོས་པ་ནི་དམ་པ་རྣམས་ཀྱིས་བསྟན་བཅོས་བརྩམ་པར་དམ་བཅའ་བའམ་རྩོམ་པ་པོ་གང་གིས་ལས་གང་ཞིག་ཚུལ་ཇི་ལྟར་འཆད་པ་སོགས་ཁས་ལེན་པར་བྱེད་པ་ཡིན་ལ། ཁས་བླངས་པའི་ཁུར་ནམ་ཡང་མི་འདོར་ཞིང་དེ་ལས་ནམ་ཡང་ལྡོག་མི་སྲིད་པས་རྩོམ་པ་མཐར་ཕྱིན་པར་འགྱུར་བ་སྟེ། ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱ་ལ། ། གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། ། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། ། ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། ། ཞེས་དང་། བརྒྱད་སྟོང་འགྲེལ་བར་ཡང་།གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། ། རང་གི་ནུས་པ་ལྷོད་པར་མི་བྱེད་དེ། ། སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག ། ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། ། ཅེས་སྐྱེས་བུ་དམ་པ་རྣམས་ཀྱིས་གང་འདོད་དུ་ཅི་ཡང་ཁས་མི་ལེན་ལ་གལ་ཏེ་ཁས་བླངས་པ་ནའང་བྱ་བ་དེ་འགྲུབ་རག་བར་དུ་རྐྱེན་དང་བར་ཆད་གང་འདྲ་ཞིག་ལ་འཕྲད་ཀྱང་མ་འགྲུབ་བར་དུ་བརྩོན་པ་བསྐྱེད་དེ་སྒྲུབ་པ་ཡིན་ནོ། ། ས་པཎ་མཁས་འཇུག་ལས།“བཤད་སླ་བ་དང་གཟུང་བདེ་ཞིང་། ། བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར། ། མཁས་པ་ལ་ལ་བསྟན་བཅོས་ལུས། ། བསྡུས་ཏེ་ཐོག་མར་འགོད་པ་མཛད། །” 14ཅེས་རྩོམ་པར་དམ་བཅའ་བས་བརྗོད་བྱ་ངེས་བཟུང་ནས་གང་རྩོམ་པ་དེ་ཐོག་མ་ནས་མདོར་བསྡུས་སུ་བཀོད་ན། འཆད་པ་པོ་རྣམས་ཀྱིས་ཚོགས་ཀྱི་དབུས་སུ་གོ་རིམ་མ་འཁྲུག་པར་འཆད་སླ་བ་དང་། ཉན་པ་པོ་རྣམས་ཀྱིས་བརྗོད་བྱ་བདེ་བླག་ཏུ་ངེས་ཟིན་ནས་བཟུང་བདེ་བ་དང་། བསྟན་བཅོས་རང་ཡང་ཐོག་མའི་མདོར་བསྟན་དང་མཐུན་པར་ཡན་ལག་གི་སྐབས་སུ་རྒྱས་པར་སྤྲོས་ཆོག་པས། ཉན་བཤད་ཀུན་ལ་གཞུང་ལུགས་ཡང་དག་ཡིན་པར་ངེས་ཤེས་སྐྱེས་པ་ཡིན་ལ། རྩོམ་པར་དམ་བཅའ་བའི་འབྱུང་རྐྱེན་ཡང་གོང་དང་མཚུངས་པར་རྒྱལ་བའི་བཀའ་ལས་མ་འདས་པ། འཕགས་པ་ཕྱོགས་བཅུའི་མུན་སེལ་སོགས་ལས་ཤེས་ཐུབ་བོ། །
   གཉིས། དབྱེ་བ།
   དེར་དབྱེ་ན་རང་དོན་དང་གཞན་དོན། རང་གཞན་གཉིས་ཀར་དམིགས་པ། ངོས་གཞན་དུ་དམིགས་པ་སྟེ་བཞི་རུ་དབྱེ་བ་གཤམ་དུ་རེ་རེ་བཞིན་བཤད་ན།
   ༡.རང་དོན་དུ་དམིགས་པ།
   རྩོམ་པ་པོ་རང་ཉིད་ཀྱིས་རྩོམ་པའི་ངལ་བ་ལྷུར་ལེན་པ་དང་དེ་རྩོམ་པ་ལ་དགའ་བ་བསྐྱེད་པས་རྩོམ་པ་མཐར་ཕྱིན་པར་ཁས་འཆེས་པ་སོགས་བསྟན་བཅོས་བསམ་པའི་ཀུན་སློང་བཅངས་ནས་རྩོམ་པ་ལ་ཟེར། དཔེར་ན། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ལས།“སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། ། དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། ། ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། ། སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །” 15རང་གི་སེམས་ནི་ཡུན་རིང་དུ་ལེགས་བཤད་ལ་གོམས་ཕྱིར་རོ་ཞེས་ཚེག་ཁྱིམ་དེས་གསལ་བོར་བརྗོད་པ་ལྟར་དང་། ཡང་སུམ་ཅུ་བའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་ལས།“ཚུལ་འདིར་སྔོན་ནས་མཁས་པའི་ལེགས་བཤད་ཀྱི། ། དགོངས་འགྲེལ་རྒྱས་བསྡུས་མཆན་སོགས་མཐའ་ཡས་མོད། །འོན་ཀྱང་དམ་པའི་བཀའ་ནན་མ་བཟློག་ཅིང་། །རང་ཡང་ཤེས་རབ་འཕེལ་ཕྱིར་འདི་བརྩམ་བྱ། །” 16ཞེས་རང་གིས་བསྟན་བཅོས་རྩོམ་པའི་དགོས་པ་དང་དམ་པས་བསྐུལ་བའི་བཀའ་གསུང་ནན་མོ་མི་ཟློག་པ་དང་རང་ཉིད་ཀྱི་ཤེས་རབ་འཕེལ་བའི་ཆེད་དུ་འདི་བརྩམས་རྒྱུ་ཞེས་རང་གི་དགོས་སེལ་གྱི་ཆེད་དུ་དམིགས་པའོ། །
   ༢.གཞན་དོན་དུ་དམིགས་པ།
   བོད་ཀྱི་སྲོལ་རྒྱུན་གྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་རྩོམ་སྐབས་རང་དང་མཉམ་པའམ་རང་ལས་བློ་གྲོས་དམན་པ་དག་ལ་དམིགས་ནས་དེ་དག་ལ་བརྩམ་བྱའི་བསྟན་བཅོས་འདི་དང་འབྲེལ་བའི་ཤེས་བྱ་ཞིག་རྒྱུད་ལ་སྐྱེས་ན་བསམ་པའི་ཀུན་སློང་མཚོན་པའི་རྩོམ་སྲོལ་ཞིག་ལ་བྱའོ། ། དཔེར་ན། ཚད་མ་རིགས་གཏེར་ལས།“ཆོས་ཀྱི་གྲགས་པའི་བཞེད་གཞུང་ཇི་ལྟ་བུར། ། བློ་གྲོས་གསལ་བའི་མིག་གིས་ལེགས་མཐོང་ནས། ། ཤེས་ལྡན་གཟུ་བོར་གནས་པ་དོན་གཉེར་བ། ། གཞན་ལ་བརྩེ་བའི་བསམ་པས་འདི་བཤད་དོ། །” 17ཞེས་སློབ་དཔོན་ཆོས་ཀྱི་གྲགས་པའི་བཞེད་པའི་ཚད་མའི་གཞུང་ཇི་བཞིན་དུ་གཟུར་གནས་བློ་ལྡན་དོན་གཉེར་པ་རྣམས་ལ་ཕན་པར་བསམ་ནས་འདི་བཤད་རྒྱུ་ཞེས་པ་ལྟ་བུ་དང་། ཡང་ཤེས་བྱ་ཀུན་ཁྱབ་ལས།“ཡང་དག་སྡུད་པའི་བློ་ནུས་ལྡན་མིན་ཀྱང་། ། གཞུང་ལུགས་རྟོགས་པའི་ཤེར་བརྩོན་དམན་པ་དག ། རིན་ཆེན་གླིང་ནས་སྐལ་བ་མི་འཆད་ཕྱིར། ། ཉུང་ངུ་རྣམ་གསལ་ཡང་དག་རྫོགས་སུ་བརྗོད། །”18ཅེས་མཛད་པ་པོ་རང་ལ་བློ་དང་ནུས་པ་མི་ལྡན་ཀྱང་།རིག་གཞུང་ལ་རྟོགས་པ་དམན་པ་དག་ལ་རིག་གནས་སྦྱོང་བའི་སྐལ་བ་མི་འཆད་པའི་ཆེད་དུ་ཉུང་ཞིང་གསལ་བར་བྱེད་རྒྱུ་ཞེས་གཞན་ལ་དམིགས་པ་ལྟ་བུའོ། །
   ༣.རང་གཞན་གཉིས་ཀར་དམིགས་པ།
   གང་བརྩམ་པར་བྱ་བའི་གཞུང་དེ་ལ་ཐོས་རྒྱ་དང་མཐོང་རྒྱ་དམན་པའི་རང་མ་ཟད་སྐལ་མཉམ་གཞན་ཐམས་ཅད་ཀྱི་ཆེད་དུ་བྱས་པ་ཡིན། དཔེར་ན། གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ་ཐོར་བུ་ལས། “དེ་ཕྱིར་དམ་པའི་ལེགས་བཤད་ཀུན་བསྡུས་ནས། ། རང་དང་སྐལ་བ་མཉམ་རྣམས་རྗེས་གཟུང་ཕྱིར། ། གྲུབ་མཐའི་རྣམ་བཞག་མདོར་བསྡུས་བརྗོད་པར་བྱ། ། བློ་ལྡན་དོན་གཉེར་ལྡན་རྣམས་གུས་པས་ཉོན། །”19ཞེས་སྐྱེས་བུ་དམ་པ་རྣམས་ཀྱི་ལེགས་བཤད་ཀུན་ཕྱོགས་གཅིག་ཏུ་བསྡུས་ནས་རང་གཞན་གཉིས་ཀའི་ཆེད་དུ་ཆོས་བརྒྱུད་གྲུབ་མཐའི་དགོངས་དོན་མདོར་བསྡུས་ཙམ་ཞིག་བཤད་པར་བྱ་སྟེ་བློ་ལྡན་དོན་གཉེར་ཅན་རྣམས་ཀྱིས་ཡིད་ལ་བཟུང་ནས་ཉོན་ཅིག་ཅེས་རང་གཞན་གཉིས་ཀར་དམིགས་ཡོད། ཡང་སུམ་ཅུའི་བའི་ཚིག་དོན་གསལ་བའི་མེ་ལོང་ལས།“སྦྱངས་དང་མ་སྦྱངས་ཀུན་གྱིས་མགྲིན་གཅིག་ཏུ། ། མཁོ་ཆུང་བརྡ་སྤྲོད་གཞུང་ཞེས་ཟེར་མོད་ཀྱང་། ། བདག་ཉིད་གོམས་ཕྱིར་བདག་དང་སྐལ་མཉམ་གཞན། །རྗེས་སུ་བཟུང་ཕྱིར་ཅུང་ཟད་དགྲོལ་བར་བྱ། །”20ཞེས་བརྡ་སྤྲོད་ཀྱི་གཞུང་ལ་རང་ཉིད་གོམས་ཕྱིར་དང་སྐལ་བ་མཉམ་པ་གཞན་གྱི་ཆེད་དུ་རྩོམ་རྒྱུ་ཞེས་རང་གཞན་གཉིས་ཀར་དམིགས་ཡོད་པ་ལྟ་བུའོ། །
   ༤.ངོས་གཞན་དུ་དམིགས་པ།
   འདིར་གཙོ་བོ་གོང་དུ་བརྗོད་པའི་རང་གཞན་ཀུན་ལ་དམིགས་པའི་དོན་འདུས་ཀྱང་གཙོ་བོ་བྱེ་བྲག་ལས་དོན་བྱ་གཞག་གི་འཕྲིན་ལས་གང་ཞིག་སྤེལ་བ་ཡང་དར་བའམ་དགོས་ཆེད་སོགས་ལ་དམིགས་པ་སྟེ། དཔེར་ན། ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུད་ལས།“བསྟན་པ་སྔ་ཕྱིར་དར་བའི་ཡི་གེ་རྣམས་དང་ནི། །མཁས་པའི་གསུང་རབ་རིམ་པར་རབ་བརྒྱུད་པ། ། ཡི་གེ་འཐོར་བ་ཐམས་ཅད་ཕྱོགས་གཅིག་ཏུ། ། ཉང་རལ་བདག་གིས་མ་ནོར་རིམ་པར་འགོད། །”21ཅེས་གཞུང་དང་ལོ་རྒྱུས་ཀྱི་ཁུངས་གསལ་ཕྱིར་བསྟན་པ་སྔ་ཕྱིར་དར་བའི་ཡིག་ཚང་དང་མཁས་པའི་གསུང་རྩོམ་རིམ་པར་བརྒྱུད་པའི་ཡི་གེ་འཐོར་བ་རྣམས་ཕྱོགས་གཅིག་ཏུ་ཉང་ཉི་མ་འོད་ཟེར་བདག་གིས་འགོད་རྒྱུ་ཡིན་ཞེས་དང་།ཡང་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེའི་སྣང་བ་ལས།“སྨྲ་བའི་དབང་བོ་ངག་དབང་བརྩོན་འགྲུས་ཀྱི། ། ཀུན་མཁྱེན་ལམ་བཟང་གསལ་བའི་སྒྲོན་མེའི་དོན། ། དད་པ་མཆོག་གིས་དྲང་བའི་ཤེས་རབ་ཀྱི། །ནུས་པ་དང་བསྟུན་ཚིག་འགྲེལ་བརྗོད་ལ་སྤྲོ། །”22ཞེས་གྲུབ་མཐའི་རྣམ་གཞག་འདི་ཀུན་གྱི་གསལ་བོར་མཁྱེན་ཕྱིར་མཁས་པའི་དབང་བོ་ངག་དབང་བརྩོན་འགྲུས་ཀྱིས་བརྩམས་པའི་གྲུབ་མཐའི་གཞུང་ལ་ཚིག་འགྲེལ་རྩོམ་རྒྱུ་ཞེས་པ་ལྟ་བུའོ། །
①སྒོ་ཤེས་རབ་རྒྱ་མཚོ། དཔྱད་འཚོལ་དང་ལྟ་ཚུལ། 2014ལོ། [M] རྩོམ་པ་པོ་དཔེ་སྐྲུན་ཁང་། P3
②ཐུབ་བསྟན་ཆོས་ཀྱི་གྲགས་པ། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། 1991ལོ། [M] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། P5
③ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། 2009ལོ། [M] མི་རིགས་དཔེ་སྐྲུན་ཁང་། P6―7
④སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ། སྨད་ཆ། 2010ལོ། [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། P76
⑤ངག་དབང་བློ་གྲོས་གྲགས་པ། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། 1992ལོ། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། P3
⑥འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། 1986ལོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། P52
⑦རྒྱལ་དབང་ལྔ་པ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན། རྒྱལ་དབང་ལྔ་པའི་གསུང་འབུམ། [G] སེར་གཙུག་ནང་བསྟན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་ཕྱིགས་བསྒྲིགས་ཁང་། P2
⑧རྒྱལ་དབང་ལྔ་པ། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གངྒཱའི་ཆུ་རྒྱུན། རྒྱལ་དབང་ལྔ་པའི་གསུང་འབུམ། [M] སེར་གཙུག་ནང་བསྟན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་ཕྱིགས་བསྒྲིགས་ཁང་། P2
⑨འཇིགས་མེད་ཐེག་མཆོག རོང་བོ་དགོན་ཆེན་གྱི་གདན་རབས། 1988ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P4
⑩ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་པའི་མགུར་འབུམ་ཞེས་བྱ་བ་བཞུགས་སོ།། 1987ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P2
11.བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། 1997ལོ། [M] ཀན་སུའུ་མི་རིགས་སྐྲུན་ཁང་། P699
12.རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ལམ་ཁྲིད་འཇམ་དཔལ་ཞལ་ལུང་དང་བྱང་ཆུབ་བདེ་ལམ། 1999ལོ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P1
13.ཞབས་དཀར་ཚོགས་དྲུག་རང་གྲོལ། ཞབས་དཀར་པའི་མགུར་འབུམ་ཞེས་བྱ་བ་བཞུགས་སོ།། 1987ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P2
14.ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས། 2009ལོ། [M] མི་རིགས་དཔེ་སྐྲུན་ཁང་། P9―10
15.རྒྱལ་ཚབ་དར་མ་རིན་ཆེན། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད། [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། P8―9
16.པྲ་ཏི་རིན་ཆེན་དོན་གྲུབ། སུམ་ཅུ་བའི་རྣམ་བཤད་ཀུན་བཟང་དགོངས་རྒྱན། 1988ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P2
17.ས་པཎ་ཀུན་དགའ་རྒྱལ་མཚན། ཚད་མ་རིགས་གཏེར། 1988ལོ། [M] མི་རིགས་དཔེ་སྐྲུན་ཁང་། P2
18.ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤེས་བྱ་ཀུན་ཁྱབ། 1985ལོ། [M] མི་རིགས་དཔེ་སྐྲུན་ཁང་། P3
19.རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ། གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ་ཐོར་བུ། 2007ལོ། [M] མི་རིགས་དཔེ་སྐྲུན་ཁང་། P1
20.དབྱངས་ཅན་སྙེམས་པའི་བློ་གྲོས། སྒྲའི་བསྟན་བཅོས་སུམ་ཅུ་བའི་ཚིག་དོན་གསལ་བའི་མེ་ལོང་། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།﹙པོད་གསུམ་པ﹚2014ལོ། [G] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། P111
21.ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། 2010ལོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P2
22.བློ་བཟང་རྡོ་རྗེ། ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེའི་སྣང་བ། 1989ལོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P4―5


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1