བོད་ཀྱི་གྲངས་ཀྱི་རིག་གནས་ཅུང་ཙམ་གླེང་བ།

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་མི་རིགས་སློབ་གྲྭ། མགོན་པོ་རྣམ་རྒྱལ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   [གནད་བཏུས] དཔྱད་རྩོམ་འདིར་གཙོ་བོ་བོད་རང་གི་རིག་གནས་ལས་གྲངས་དང་འབྲེལ་བ་དག་ཁོལ་དུ་ཕྱུང་ནས་བགྲོ་གླེང་ཙམ་བྱས་པ་སྟེ། ཐོག་མར་གྲངས་ཀྱི་གོ་དོན་དང་ཨང་ཀིའི་བྱུང་འཕེལ་ལས་གླེང་སློང་བ་དང་། བྱེ་བྲག་གི་ཨང་ཀི་དང་གྲངས་ཀྱི་འབྲེལ་བར་དབྱེ་ཞིབ་བྱས་ཤིང་། དེ་ནས་གྲངས་ཀྱི་འཇལ་ཚིག་དང་གྲངས་ཀྱི་འཇལ་བྱེད་དང་། གྲངས་ཀྱི་གནས་བགྲང་གླེང་བ་དང་། ཁྱད་པར་དུ་གྲངས་དང་འབྲེལ་བའི་བྱིས་སྒྲུང་དང་གཏམ་དཔེ་དང་། ཆོས་དཔེ་དང་། མངོན་བརྗོད་སོགས་ཅུང་ཙམ་གླེང་ཡོད།
   [གནད་ཚིག] གྲངས། ཨང་ཀི འཇལ་ཚིག འཇལ་བྱེད། གནས་བགྲང་།
   གཅིག གྲངས་ཀྱི་གོ་དོན་བྱུང་ཚུལ།
   མི་རིགས་སུ་ཡིན་རུང་གྲངས་ཀྱི་གོ་དོན་ནི་ཡི་གེ་མ་བྱུང་བའི་སྔ་རོལ་ནས་བྱུང་ཞིང་དར་བ་ཡིན། གདོད་མའི་དུས་སྐབས་སུ་མི་རྣམས་འཚོ་གནས་ཀྱི་ཆེད་དུ་རི་དྭགས་རྔོན་པ་དང་ཤིང་ཏོག་འཐུ་བའི་ངལ་རྩོལ་གྱི་ལས་ལ་ཞུགས་ཤིང་རྔོན་ཤ་དང་ཤིང་ཏོག་གི་བགོ་སྐལ་གྱི་རྨང་གཞི་རུ“ཡོད”དང“མེད”དང་།དེ་ནས“མང”དང“ཉུང”གི་འདུ་ཤེས་དང་གོ་དོན་རིམ་གྱིས་ཆགས། གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་བརྔོན་བྱའི་རི་དྭགས་སྒོ་ཕྱུགས་སུ་གྱུར་པ་དང་།སྒོ་ཕྱུགས་ཀྱི་ཁ་གྲངས་དང་ཚོ་ཁག་གི་མིའི་ཁ་གྲངས། རྗེ་བོར་འབུལ་བའི་ཤིང་ཏོག་གི་ཁ་གྲངས་བཅས་བརྩི་བའི་གོ་རིམ་ཁྲོད་དུ་གྲངས་ཀྱི་འདུ་ཤེས་དང་གྲངས་ཚད་འཛིན་སྟངས་བྱུང་། གྲངས་ཚད་འཛིན་སྟངས་ཆེས་སྔ་བ་ནི་གཅིག་གཅིག་ལྟོས་ཟླར་གྲུབ་པའི་ཆེས་སླ་མོའི་ཆོས་ཉིད་ཀྱིས་ཐག་བཅད་པ་ཡིན་ཏེ། སྒོ་ཕྱུགས་ཀྱི་ཁ་གྲངས་རྩི་སྐབས་ལུག་གཅིག་རེར་མཛུབ་མོ་གཅིག་རེ་འགུགས་པ་དང་ཡང་ན། ལུག་གཅིག་རེར་བྲག་ངོས་སམ་རྡོ་ལེབ་ངོས་སུ་རྟགས་ཤད་རེ་འགོད་པ་སོགས། གྲངས་ཚད་འཛིན་སྟངས་ཀྱི་ཐབས་ཆེས་སྔ་བ་ནི་མཛུབ་མོ་འགུགས་པ་སྟེ། གནའ་བོའི་རྒྱ་ནག་ཏུ་མཛུབ་མོའི་རྩི་ཐབས་དར་བར་གསལ་ལ།“སྤྱི་ལོའི་དུས་རབས9བའི་སྐབས་བཞེངས་པའི་རྒྱ་གར་གྱི་བྲམ་ཟེའི་ཆོས་ཁང་ཞིག་ཏུ་དེ་བཞིན་གཤེགས་པས་མཛུབ་མོས་གྲངས་བགྲང་བའི་སྐུ་བརྙན་ཞིག་ད་ལྟའང་མཇལ་རྒྱུ་ཡོད་པར”①བཤད་པ་དང་། སྤྱི་ལོ1494ལོར་དབྱི་ཐ་ལིའི་གྲངས་རིག་མཁས་ཅན་བྷ་ཆོད་ལུན(L.Pocioci)གྱིས་བརྩམས་པའི《ཚོགས་འདུས》ཞེས་པའི་ནང་དུ་མཛུབ་མོའི་གྲངས་བགྲང་ཐབས་གསལ་བོར་བྲིས་ཡོད། ད་ལྟའང་བྱིས་པ་ཚོས་རྩིས་རྒྱག་ཐོག་མར་སློབ་དུས་མཛུབ་མོ་བཀུག་ནས་བརྩི་བ་དང་། བོད་ཡུལ་གྱི་ས་ཆ་འགའ་རེར་ཚོང་ཕུ་རུང་ནང་ནས་མཛུབ་མོ་བཀུག་ཏེ་རིན་གོང་གཏམ་པ་ད་བར་ཡང་མཐོང་རྒྱུ་ཡོད། ཡིན་ཡང་ཁ་གྲངས་མོད་པོའམ་གྲངས་ཚད་ཆེན་པོ་ཚད་འཛིན་བྱེད་སྐབས་ལག་ཟུང་གི་མཛུབ་མོ་བཅུ་ཁོ་ནས་རྩིས་ལེན་དཀའ་བས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་དངོས་གཟུགས་བཀོལ་ཏེ་ཁ་གྲངས་ལེན་མགོ་ཚུགས་པ་སྟེ། རུས་གོག་དང་ཉ་རུས། རྡེའུ་སོགས་སྤུངས་པ། སྡོང་རྐང་དང་དབྱུག་ཕྲན་གསོག་པ་སོགས་བྱས་ནས་ཁ་གྲངས་ཀྱི་རྩིས་ལེན་པ་དང་། དངོས་གཟུགས་བཀོལ་ནས་ཁ་གྲངས་ལེན་པའམ་ཐོ་འགོད་བྱེད་སྐབས་དངོས་གཟུགས་དེ་དག་ཁ་ཐོར་སླ་བ་དང་འཇིགས་སླ་བ། ནོར་སླ་བ། ཡུན་རིང་བོར་ཉར་ཚགས་བྱེད་དཀའ་བ་བཅས་ཀྱིས་དབང་གིས་མི་རྣམས་ཀྱིས་སྐུད་པར་མདུད་པ་བོར་ནས་གྲངས་ཚད་ལེན་པའི་ཐབས་ཤེས་གསར་རྙེད་བྱུང་།ཐབས་ཤེས་འདི་ནི་ཡི་གེ་མ་བྱུང་བའི་སྔ་རོལ་དུ་ཡོད་པ་ཀྲུང་གོའི་གནའ་གཞུང《ཀྲུང་དབྱི་ཚིག་མཛོད》དུ་གསལ་བ་མ་ཟད། ཐང་ཡིག་ཏུ།“བོད་ལ་སྲིད་སྐྱོང་བ་ལ་ཡི་གེ་མེད། སྐུད་པ་ལ་མདུད་པ་དང་ཤིང་ལ་རྟགས་བཏབ་སྟེ་རྩིས་བྱེད”ཅེས་བྱུང་བ་ལྟར“སྐུད་པར་མདུད་པ་བོར་ཐབས་འདི་ནི་བོད་དུའང་ཐོག་མའི་དབང་མཛད་བཅུའི་སྐབས་སུ་དར་རྒྱས་ཆེན་པོ་བྱུང་བར་མངོན།”② སྐུད་པའི་རྒྱུ་ཆ་ནི་ལུག་བལ་དང་རྩྭ་སོ་མ་སོགས་ཡིན་པས་ཡུན་རིང་བོར་ཉར་ཚགས་བྱེད་དཀའ་བ་དང་བཀོལ་སྤྱོད་བྱེད་མི་བདེ་བ། རྒྱུ་ཆའི་ཚད་བཀག་བཅས་ཀྱི་རྐྱེན་བྱས་མི་རྣམས་ཀྱིས་རྡོ་ལེབ་དང་ཤིང་སྡོང་།རུས་གོག་སོགས་ཀྱི་ངོས་སུ་རྟགས་ཤད་འདེབས་པའི་སྲོལ་ཕྱེ་བ་སྟེ། བོད་ཡུལ་དུ་དགོན་པ་སོགས་སུ་གནས་སྐོར་བྱས་པའི་ཁ་གྲངས་ཀྱང་རྡེའུ་སྤུངས་པའམ་གྱང་ངོར་རྟགས་ཤད་འདེབས་པ། ཕྲེང་བ་འདྲེན་པ་སོགས་བྱས་ནས་རྩིས་ལེན་པའི་སྲོལ་ད་ལྟའང་ཡོད།
   དེ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་དང་རིག་གནས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་ཡི་གེར་བརྟེན་ནས་གྲངས་ཚད་ཆེན་པོ་མཚོན་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་སླེབས་ལ། དངོས་ཟོང་གི་བགོ་སྐལ་དང་ཚོང་ཟོག་གི་བརྗེ་རེས། སྤྱི་ཚོགས་ཀྱི་དཔྱ་ཁྲལ་བསྡུ་བ་སོགས་ཀྱི་ཁྲོད་ནས་གྲངས་ཚད་འཛིན་སྟངས་དང་གྲངས་ཀྱི་འཇལ་བྱེད་དག་གཅིག་གྱུར་དང་ཚད་ལྡན་དང་། སྣ་མང་ཅན་དུ་གྱུར་ཞིང་དེ་དག་གི་གོ་རིམ་དུ་གྲངས་ཀྱི་གོ་དོན་བྱུང་ཞིང་རིམ་གྱིས་འཐུས་ཚང་དུ་གྱུར་པ་དང་། སྔོན་བྱོན་ལོ་པཎ་དང་མཁས་ཆེན་རྣམས་ཀྱིས་གཞལ་དཀའ་བའི་དྲིན་ལ་བརྟེན་ནས་རིག་གནས་ཆུང་བ་ལྔའི་གྲས་ཀྱི་སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་གྲགས་པའི་སྐར་རྩིས་རིག་པའང་བྱུང་བ་ཡིན།
   གཉིས། ཨང་ཀིའི་བྱུང་འཕེལ།
   སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་མཛུབ་མོ་འགུགས་པ་ནས་རྡེའུ་སྤུངས་ནས་གྲངས་ཚད་ལེན་པར་འཕེལ་ཞིང་། དེ་ནས་སྐུད་པར་མདུད་པ་བོར་བ་དང་རྟགས་ཤད་འདེབས་པ་སོགས་ཀྱིས་ཚབ་བྱས། དེ་དག་གི་རྨང་གཞི་རུ་ཨང་ཀིར་བརྟེན་ནས་གྲངས་ཚད་མཚོན་པའི་ལོ་རྒྱུས་བྱུང་། འཛམ་གླིང་གི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཆེན་པོ་བཞི་གཙོ་བྱས་པའི་རྒྱབ་ཁབ་མང་པོར་ཨང་ཀིར་བརྟེན་ནས་གྲངས་ཚད་འཛིན་པའི་སྲོལ་ཆགས་པ་དང་། རྒྱལ་ཁབ་བམ་མི་རིགས་མང་པོར་ཨང་ཀི་འབྲི་སྲོལ་ཡང་མི་འདྲ་བ་མང་པོ་བྱུང་ལ། རྗེས་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་བཙན་འཛུལ་གྱིས་སྣེ་དྲངས་ནས་ཕན་ཚུན་བར་འབྲེལ་འདྲིས་བྱུང་ཞིང་རྒྱུས་ལོན་བྱས་པས་རིག་གནས་བརྗེ་རེས་བྱེད་པའི་སྲོལ་དར། ཨང་ཀི་ཡང་ཞིབ་བསྡུར་དང་བཀོལ་སྤྱོད། དགོས་མཁོ་སོགས་ཀྱི་གོ་རིམ་བརྒྱུད་ནས་མི་འདྲ་བ་སྣ་ཚོགས་ལས་སྟབས་བདེ་བཀོལ་སླ་ཡིན་པའི་ཨང་ཀི་འབྲི་སྲོལ་རེ་གཉིས་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་གདལ་དུ་སོང་ནས་ཐུན་མོང་གི་སྤྱད་བྱར་གྱུར་པ་སྟེ། ད་ལྟ“འཛམ་གླིང་དུ་སྤྱི་ཁྱབ་སྤྱོད་བཞིན་པའི་ཨང་ཀི་འདི་ནི་ཨ་རབ་ཨང་ཀི་ཡིན་ལ། དེ་ནི་ཐོག་མར་ཧིན་རྡུ་པས་གསར་གཏོད་བྱས”③ རྗེས“ཨ་རབ་གྱིས་ཧིན་རྡུ་ལ་བཙན་འཛུལ་བྱས་པ་བརྒྱུད་ནས་ཨ་རབ་རྒྱལ་ཁབ་ཏུ་དར་ཞིང་ལེགས་བཅོས་ཉུང་ངུ་བྱས”④ཏེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སོ་སོར་མཆེད་པས་འཛམ་གླིང་གི་སྤྱི་སྤྱོད་ཨང་ཡིག་ཏུ་གྱུར་པ་སྟེ།
   “དུས་རབས12པའི་སྐབས་སུ་དབྱི་ཐ་ལིའི་གྲངས་རིག་མཁས་ཅན་ཧྥ་པོར་ནཱ་ཆར་གྱིས་མཛད་པའི《རྩིས་གཞོང》ནང་དུ་ཧིན་རྡུའི་ཨང་ཡིག་ལ་ཨ་རབ་ཨང་ཀི་ཞེས་མཚན་བཏགས་ནས་ཡོ་རོབ་གླིང་དུ་ངོ་སྤྲོད་མཛད”⑤པས་ཡོ་རོབ་གླིང་གི་མི་རྣམས་ཀྱིས་ཨང་ཡིག་དེ་ནི་ཨ་རབ་ནས་དར་བར་དགོངས་པས་རྗེས་སུ་ཨ་རབ་ཨང་ཀི་ཅེས་མིང་ཐོགས།
   ལྕགས་ཐར་རྒྱལ་གྱིས་བརྩམས་པའི《བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》ཞེས་པར་ད་ལྟ་བོད་ཡུལ་དུ་དར་བའི་ཨང་ཀི་འདི་ནི་བོད་རང་གིས་མི་ལུས་ཀྱི་ཆགས་དབྱིབས་ལྟར་བཟོས་པར་བརྗོད་པ་སྟེ། ༡ནི་མགོའི་དབྱིབས་སམ་སྤྱི་བོའི་གོར་འཐེན་པ་དང་། ༢ནི་གཅིག་གམ་སྤྱི་བོའི་གོར་དེའི་སྟེང་དུ་དཔྲལ་བའི་གོར་གཅིག་འཐེན་པ་མཚོན། ༣ནི་སྤྱི་བོ་དང་དཔྲལ་བའི་གོར་གཉིས་ཀྱི་སྟེང་དུ་སྨིན་མའི་གོར་གཅིག་འཐེན་པ། ༤ནི་རྣ་བའི་དབྱིབས་དང་། ༥ནི་དྲི་འཛིན་སྣ་ཡི་དབྱིབས། ༦ནི་སྨྲ་བྱེད་ཁའི་དབྱིབས། ༧ནི་མ་ནེའི་དབྱིབས། ༨ནི་ཕྲག་འཇིང་དང་སྐེའི་དབྱིབས། ༩ནི་མཇུག་མ་གྱེན་དུ་སྒྲེང་བའི་རྣམ་པ། ༠ནི་སྟོང་བའི་ཚུལ་མཚོན་པ་ཡིན་པ་ཨང་ཀིའི་བྲིས་གཟུགས་ལ་ཞིབ་ཏུ་བརྟག་པས་ཤེས་སོ་ཞེས་འཁོད་ཡོད་མོད། གྲངས་ཀྱི་ཨང་ཀིའི་སྤྱིའི་ལོ་རྒྱུས་ལས་ཁུངས་བཙལ་ཞིང་ཡིག་ཚང་མང་པོར་གཞི་བཅོལ་ན་བོད་ཀྱི་ཨང་ཀི་འདི་ནི་བོད་རང་གིས་མི་ལུས་ཀྱི་ཆགས་དབྱིབས་ལྟར་བཟོས་པ་མ་ཡིན་པར་དེང་སྐབས་འཛམ་གླིང་གི་སྤྱི་སྤྱོད་ཨང་ཀིའི་མ་ཕྱི་ཧིན་རྡུའི་ཨང་ཀི་ལ་ཁུངས་མཐུད་པར་སྙམ་སྟེ།
   སྤྱི་ལོ876ལོར་ཧིན་རྡུའི་ནུབ་བྱང་མཚམས་ཀྱི་ཀཱ་ལིར(Gwalior)གྲོང་གི་རྡོ་རིང་ཞིག་གི་ངོས་སུ་ཨང་ཀི་བཀོད་ཡོད་པ་ལས༤དང༦དང༧མ་གཏོགས་པའི་ཨང་ཀི་གཞན་རྣམས་བོད་ཀྱི་ཨང་ཀིའི་འབྲི་སྲོལ་དང་མཚུངས་ཤིང་། 1881ལོར་དེང་གི་ཕ་ཁི་སི་ཐན་གྱི་ཆར་གཏོགས་པའི་ནུབ་བྱང་མཚམས་ཀྱི་པཱ་ཁུ་ཧྲ་ལུ(Bakhashali)ཞེས་པའི་གྲོང་རྡལ་དེ་ནས་ཤིང་སྟག་པའི་སྡོང་ཤུན་དུ་བྲིས་པའི“པཱ་ཁུ་ཧྲ་ལུའི་ཕྱག་བྲིས”ཤིག་རྙེད་པ་ལས་ཨང་ཀི་འགའ་ཡོད་པ་ལས༢དང༣ ༥ ༩རྣམས་ནི་བོད་ཀྱི་ཨང་ཀིའི་འབྲི་སྲོལ་དང་ཉེ་བར་མཚུངས་པ་དང་། བོ་བུན་ཅུན་གྱིས་གཙོ་སྒྲིག་མཛད་པའི 《 ཀྲུང་གོའི་གྲངས་རིག་པའི་ལོ་རྒྱུས་ཆེན་མོ》ལས།“བོད་ཀྱི་ཨང་ཀི་ནི་གནའ་བོའི་ཧིན་རྡུའི་ཨང་ཀི་དང་མཚུངས་ལ། དུས་རབས8པའི་སྐབས་སུ་ཧིན་རྡུའི་ཨང་ཀི་བོད་དུ་རྒྱ་ཆེར་དར”ཞེས་དང་།“ཏུན་ཧོང་གཏེར་ཡིག་ཁྲོད་དུ་བོད་བཙན་པོའི་དུས་སྐབས་ཀྱི་ཆོས་དཔེ་ཞིག་ཏུ་ཤོག་ཨང31ནས41བར་བཀོད་ཡོད་པ་རྣམས་དེང་སྐབས་སྤྱི་སྤྱོད་བྱེད་པའི་ཨང་ཀི་དང་ཤིན་ཏུ་འདྲ”ཞེས་བཀོད་ཡོད་པ་དང། མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་རྒྱ་རྩིས་གོ་དོན་ལས།“བོད་ཀྱི་ཨང་ཡིག་འབྲི་སྲོལ་འདི་ཡང་རྒྱ་གར་ལས་འོངས་པ་ཉིད་དེ། རང་རེའི་སྔོན་གྱི་ལོ་ཆེན་ཞ་ལུ་ཆོས་སྐྱོང་བཟང་པོ་ཡབ་སྲས་ཀྱི་ཨང་ཀིའི་ཕྱག་བྲིས་དངོས་སུ་མཇལ་བ་ན། ད་ལྟའི་ཨ་རབ་ཨང་ཚུགས་དང་དབྱིབས་མཐུན་པའི་ཕྱིར་རང་རེའི་བོད་ཀྱི་བྲིས་རྒྱུན་གྱི་ཨང་ཡིག་འདི་རིམ་གྱིས་ཅུང་ཟད་གཟུགས་འགྱུར་བར་སྣང་བ་ཡང་རྗེས་སུ་དཔག་གོ།”ཞེས་གསུངས་པ་དང་། ཤ་བོ་ཚེ་རིང་དང་བློ་ཡངས་རྒྱལ་གྱིས་བརྩམས་པའི《བོད་ཀྱི་སྐར་རྩིས་རིག་པའི་རྣམ་གཞག》ཅེས་པ་ལས“བོད་ཀྱི་ཨང་ཀི་འདི་ནི་ཨ་རབ་ཨང་ཀི་དང་རིགས་འདྲ་ལ། ད་ལྟའི་ཨ་རབ་ཨང་ཀི་འདི་ཧིན་རྡུ་པས་གསར་གཏོད་བྱས་རྗེས་ཨ་རབ་དུ་མཆེད་པ་རེད།”ཅེས་འཁོད་འདུག དེ་ལྟར་ཧིན་རྡུའི་ཨང་ཀི་དུས་རབས8པའི་ཡས་མས་སུ་བོད་དུ་དར་རྗེས་སྐབས་དེར་དཔར་འདེབས་འཕྲུལ་ཆས་མེད་པར་ཕྱག་བྲིས་ཁོ་ནར་བརྟེན་དགོས་པས་དུས་ཀྱི་འགྲོས་དང་བསྟུན་ནས་ཅུང་འགྱུར་ཏེ་ད་སྐབས་ཀྱི་ཨང་གཟུགས་འདི་ཆགས་པར་འདོད་དོ། །
   གསུམ། གྲངས་དང་ཨང་ཀིའི་འབྲེལ་བ།
   གྲངས་ཚད་འཛིན་སྟངས་སྟབས་བདེ་ཅན་དང་ཚད་ལྡན་ཅན། འཐུས་ཚང་ཅན་དུ་གཏོང་བའི་གོ་རིམ་དུ་ཨང་ཀིར་བརྟེན་ནས་གྲངས་ཚད་ལེན་པའི་སྲོལ་དར་བ་ཡིན། ཨང་ཀི་ནི་བྱ་དངོས་གང་རུང་གི་ཁ་གྲངས་རྩིས་ལེན་བྱེད་ཀྱི་མཚོན་རྟགས་ཤིག་ཡིན་པ་སྟེ། གྲངས་རིག་མཚོན་རྟགས་སུ་གྲངས་ཚད་མཚོན་རྟགས་དང་ལུགས་རྩིས་མཚོན་རྟགས། འབྲེལ་བའི་མཚོན་རྟགས། བཀས་བཅད་མཚོན་རྟགས། ངོ་བོའི་མཚོན་རྟགས། རམ་འདེགས་མཚོན་རྟགས་བཅས་ཡོད་པ་ལས་གྲངས་ཚད་མཚོན་རྟགས་ཀྱི་ཁོངས་གཏོགས་ཡིན་ཏེ། དཔེར་ན། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༠བཅས་ཨང་ཀི་བཅུ་དང་། ཡང་ན1 2 3 4 5 6 7 8 9 0བཅས་ཨང་ཀི་བཅུ་བོ་འདི་དག་ལ་ངོས་འཛིན་པ་དང་། གྲངས་ཞེས་པ་ནི་གྲངས་རིག་པའི་རྨང་གཞིའི་དོན་སྤྱི་ཞིག་སྟེ། བྱ་དངོས་ཀྱི་ཁ་གྲངས་ལེན་པའི་ཚད་མི་འདྲ་བ་མཚོན་པའི་གྲངས་རིག་གི་སྤྱི་མཚན་ཞིག་ལ་གོ་དགོས་ཤིང་། གྲངས་ནི་དབྱེ་བ་མང་དུ་མཛད་ཆོག་པ་དང་། གྲངས་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཆུང་ཅི་དགར་ཕྱེ་ཆོག་པ་ཡིན། དེ་གཉིས་ཀྱི་འབྲེལ་བ་ནི། ཨང་ཀི་ནི་གྲངས་ཀྱི་ཚད་འཛིན་བྱེད་ཀྱི་མཚོན་རྟགས་ཤིག་དང་། གྲངས་ནི་ཨང་ཀིར་བརྟེན་ནས་དོན་སྟོན་པ་ཞིག་ཡིན། དཔེར་ན།“5”ལྟ་བུ་ནི་ཨང་ཀི་ཞིག་ཡིན་ལ་གྲངས་ཤིག་ཀྱང་ཡིན་ཏེ།“5”ཁོ་ན་ནི་མཚོན་རྟགས་ཤིག་ཡིན་པ་དང་དེའི་སྔོན་ལ་མིང་ལུག་ལྟ་བུ་སྦྱར་ན་ནི“ལུག5”སྟེ་ལུག་གི་ཁ་གྲངས་མཚོན་པ་སྟེ་གྲངས་ཀྱི་དོན་ལ་འཇུག་པ་ཡིན་པ་དང་། ཨང་ཀིའི་ལུས་ལ་གྲངས་ཀྱི་སྲོག་མ་ཞུགས་ཚེ་གོ་དོན་མེད་པར་གྱུར་འགྲོ་བ་སྟེ་མཚོན་རྟགས་ཤིག་མ་འདས་པ་ཡིན་ཏེ། ཨང་ཀི་བཅུ་བོ་སྣོན་ཕྲི་བསྒྱུར་བགོད་བྱེད་སྐབས་ཨང་ཀི་རེ་ནི་གྲངས་ཀྱི་དོན་ལ་འཇུག་པ་དང་།“15”ལྟ་བུ་ནི་ཨང་ཀི“1”དང“5”ཡིས་གྲུབ་པའི་གྲངས་ཤིག་ཡིན་པ་དང་།“317”ལྟ་བུར་མཚོན་ན་ཡང་ཨང་ཀི“3”དང“1”དང“7”ཡིས་གྲུབ་པའི་གྲངས་ཤིག་སྟེ་སུམ་བརྒྱ་བཅུ་བདུན་གྱི་དོན་ཡིན་ལ། གྲངས་ནི་ཨང་ཀི་ལས་གཞན་ཡིག་འབྲུ་དང་ཚེག་དང་ཐིག་སོགས་ཀྱིས་མཚོན་ཆོག་པ་སྟེ་གཅིག་གཉིས་གསུམ་བཞི་སོགས་ཡིན་པ་དང་ཨང་ཀི་ནི་མཚོན་རྟགས་ཁོ་ན་ཤིག་ཡིན།
   བཞི། གྲངས་ཀྱི་འཇལ་ཚིག་གླེང་བ།
   བོད་ཀྱི་བརྡ་སྤྲོད་པའི་གཞུང་ནི་མི་རིགས་རང་གི་སྐད་གཤིས་ལ་བརྟེན་ནས་བརྩམས་པ་ཡིན་ཞིང་། བོད་ཀྱི་སྐད་ཆའི་ནང་དུ་འཇལ་ཚིག་མང་པོ་མཐོང་རྒྱུ་ཡོད། འཇལ་ཚིག་ཅེས་པ་ནི་མི་དང་བྱ་དངོས་རིགས་གཅིག་པ་དག་གི་གྲངས་ཚད་འཇལ་བྱེད་ཀྱི་ཚིག་ལ་གོ་བར་འདོད་དེ། དཔེ་མཚོན་ཙམ་བཀོད་ན་ནི། རྐང་བ་ཡ་གཅིག ལྗོན་ཤིང་རྐང་གཉིས། སྨྲ་བ་ལན་གསུམ། ཕྲུག་བུབས་བཞི། ཤ་ཁོག་ལྔ། ཤོག་ངོས་དྲུག ཇ་ཐུན་བདུན། མེ་ཏོག་ཆུན་པོ་བརྒྱད། སྣམ་བུ་འདོམ་དགུ རས་ཁ་གང་། ལུག་ཁྱུ་གཉིས། མར་གྲོད་རིལ་གསུམ། ཡིག་ཕྲེང་བཞི། ཤོག་ལྡེབ་ལྔ། མུ་ཏིག་རྡོག་དྲུག དར་ཡུག་བདུན། ལྷམ་ཆ་བརྒྱད། གསེར་སྲང་དགུ། དངུལ་ཞོ་གང་། མིག་ཟུང་། མངའ་རིས་སྐོར་གསུམ། དབུས་གཙང་རུ་བཞི། རིག་པའི་གནས་ལྔ། ནས་ཁལ་དྲུག འགྲོ་ཐེངས་བདུན། ཆུ་ཐིགས་བརྒྱད། ཐེག་པ་རིམ་དགུ། ཇ་བག་གཅིག ཡིག་འབྲུ་གཉིས། ནས་བྲེ་གསུམ། རྒྱུད་སྡེ་བཞི། འཇའ་ཚོན་སྣ་ལྔ། ཚན་པ་དྲུག ཁང་མིག་བདུན། འབྲི་ཐུལ་བརྒྱད། རྨོན་དོར་དགུ མར་ལྟང་གཅིག ཤ་གཟུག་གཉིས། མཐོ་གསུམ། ཚིགས་བཞི། མི་མགོ་ལྔ། ཤ་བཞི་གླིང་དྲུག གསེར་ཕུལ་བདུན། ཁལ་དོ་བརྒྱད། ནས་འདོང⑥ གང་། མར་ཉག⑦དགུ སྡེ་ཚན་དང་པོ། བམ་པོ་གཉིས། ལེའུ་གསུམ་པ། ས་བཅད་བཞི་བ། དུམ་བུ་ལྔ། པོ་ཏི་དྲུག། གླེགས་བམ་བདུན། ཤོ་ལོ་ཀ་བརྒྱད། ལེ་ཚན་དགུ་བཅས་དང་། ད་དུང་གྲུ་གང་མ་དང་མདའ་ཚད་མ་སོགས་ཡོད།
   ལྔ། གྲངས་ཀྱི་འཇལ་བྱེད།
   གྲངས་ཀྱི་འཇལ་བྱེད་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དངོས་པོའི་བགོ་སྐལ་དང་རྒྱལ་པོའི་དཔྱ་ཁྲལ། དངོས་ཟོང་བརྗེ་རེས་སོགས་ལས་མང་ཉུང་དང་ཆེ་ཆུང་། ལྕི་ཡང་། རིང་ཐུང་བཅས་ཀྱི་ཚད་འཛིན་བྱེད་ལ་གོ་བ་ཡིན། དེ་ཡང་མིའི་རིགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་རིམ་དུ་ས་ཞིང་དང་སྒོ་ཕྱུགས། རྒྱུ་ནོར་སོགས་ཀྱི་བགོ་བཤའ་དང་། རྒྱལ་པོ་དང་ས་བདག་སོགས་ལ་དཔྱ་ཁྲལ་འབུལ་བ། དངོས་པོ་དང་དངོས་པོའི་བརྗེ་རེས་བྱེད་པའི་དགོས་མཁོའི་དབང་གིས་ཚད་འཛིན་བྱེད་ཀྱི་ཚད་གཞི་ཞིག་བྱུང་བ་སྟེ། དམངས་ཁྲོད་ལས་བྱུང་ཞིང་རིམ་གྱིས་རྒྱུན་ཆགས་སུ་གྱུར་པའི་ཚད་འཛིན་བྱེད་ཀྱི་འཇལ་བྱེད་སྐོར་ཅིག་ཡོད་པ་དང་། རྒྱལ་པོས་བཀས་བཅད་པའམ་གཏན་ལ་ཕབ་པའི་ཚད་འཛིན་བྱེད་ཀྱི་འཇལ་བྱེད་སྐོར་ཞིག་བྱུང་བ་ཡིན། བོད་ཀྱི་ཡིག་ཚང་ལྟར་ན་བོད་ལ་གནའ་བོའི་དུས་སུ་ཞིང་ལས་དང་འབྲོག་ལས་སུ་རྒྱ་ཁྱོན་དང་ཁ་གྲངས་ཚད་འཛིན་བྱེད་ཀྱི་འཇལ་བྱེད་བྱུང་བར་གསལ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཞེས་བྱ། ། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། ། ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། ། འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། ། མཛངས་པའི་ལས་སུ་ཞིང་ལ་དོར་ཁ་རྩིས། ། འབྲོག་ལ་ཐུལ་རྩིས་ཕུ་ཆུ་ཡུར་ལ་དྲངས། ། མདའ་རུ་ཆུ་མ་རྨོ་བ་འདི་ནས་བྱུང་། །”
ཞེས་སྤུ་རྒྱལ་གདུང་རབས་དགུ་བ་སའི་ལེགས་དྲུག་གི་ཐོག་མ་ཨི་ཤོ་ལེགས་ཀྱི་དུས་ཏེེ་ཕལ་ཆེར་སྤྱི་ལོའི་དུས་རབས་དང་པོ་ཙམ་ནས་བོད་ལ་ཞིང་འབྲོག་གི་ཚད་འཇལ་བྱེད་དེ་གཉིས་བྱུང་བར་བཤད་པ་དང་། དེ་ནས་ལོ་བརྒྱད་བརྒྱ་ལྷག་ཕྱིན་པའི་སྟག་རི་གཉན་གཟིགས་ཀྱི་དུས་སུ་སྤུ་རྒྱལ་བོད་དུ་བྲེ་དང་ཕུལ། སྲང་བྱུང་ཚུལ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》དུ“འདི་དུས་ཁྲི་ངོར་སྣང་བཙུན་མོང་གིས་བུས། ། བྲེ་ཕུལ་སྲང་བཅོས་འབྲུ་མར་ཚད་ཀྱིས་བཅལ། ། དགའ་གཉིས་ཚོང་བྱས་མཐུན་གཉིས་ལ་ལུང་སྡེབས། ། དེ་གོང་བོད་ལ་ཚོང་དང་བྲེ་སྲང་མེད། །”ཅེས་གསལ་བ་ལྟར། དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་ཚད་འཛིན་བྱེད་ཀྱི་འཇལ་བྱེད་དག་ཞིབ་ཕྲ་དང་ཚད་ལྡན། འཐུས་ཚང་དུ་འགྱུར་མགོ་བརྩམས་པ་དང་། བཙན་པོ་སྲོང་བཙན་གྱི་སྐབས་སུ་གཅིག་གྱུར་ཏུ་བྱུང་བ་སྟེ། ཏུན་ཧོང་ཡིག་རྙིང་དུ“བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེན་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་།སྲང་ལ་སོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་བོ་ཀུན། བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ་།”ཞེས་དང་། ད་དུང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“བྲེ་ཕུལ་སྲང་ཁྱོར་ཞོ་ནམ་སེ་སྲན་སོགས། ། བཀའ་ལ་བཏགས་པའི་ཁྲིམས་ཡིག་གཉིས་པ་སྟེ། ། འབུམ་གྱི་གསེར་ཐོག་ཤ་བ་ཅན་ཞེས་གྲགས། །”ཞེས་བཙན་པོས་བཀས་བཅད་པའི་ཚད་འཛིན་བྱེད་ཀྱི་འཇལ་བྱེད་ཁྲིམས་སུ་གྲགས་པ་ཡིན། དེ་ནས་ཁྲི་རལ་བ་ཅན་གྱི་དུས་སུ་བྲེ་དང་། སྲང་དང་། ཞོ་ལ་སོགས་པའི་ཚད་འཛིན་བྱེད་ཀྱི་འཇལ་བྱེད་ཕན་ཚུན་བར་གཏན་སྲོལ་ཆགས་པ་དང་། བོད་ཁམས་སིལ་བུར་འཐོར་རྗེས་ཚོང་ཟོག་བརྗེ་རེས་དང་དཔྱ་ཁྲལ་བསྡུ་ལེན་ཐད་དུ་ཚད་འཛིན་བྱེད་ཀྱི་འཇལ་བྱེད་སྣ་མང་བྱུང་བ་སྟེ“འབྲུ་རིགས་ཕུལ་དྲུག་ལ་བྲེ་གང་དུ་རྩི་བའི་དྲུག་ཕུལ། ཕུལ་བདུན་ལ་བྲེ་གང་དུ་རྩི་བའི་བདུན་ཕུལ་ཞེས་དང་།
གསེར་སེ་བ་ཉི་ཤུ་ལ་གསེར་ཞོ་གང་དུ་རྩི་བའི་དབུས་ཞོ་དང་། གསེར་སེ་བ་ཉི་ཤུ་རྩ་བཞི་ལ་གསེར་ཞོ་གང་དུ་རྩི་བའི་ཚོང་འདུས་མགུར་མོའི་མགུར་ཞོ། གསེར་སེ་བ་ཉི་ཤུ་རྩ་ལྔ་ལ་གསེར་ཞོ་གང་དུ་རྩི་བའི་གཞུང་ཞོ། སེ་བ་སོ་གཉིས་ལ་ཞོ་གང་དུ་རྩི་བའི་གསེར་ཞོ། སེ་བ་སོ་དྲུག་ལ་ཞོ་གང་དུ་རྩི་བའི་ལྷ་སའི་བྱེས་ཞོ་བཅས་མི་འདྲ་བ་མང་པོ་བྱུང་ལ། གཙང་བ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་བོའི་སྐབས་སུ་ཕུལ་བྲེ་ཚད་ཕུལ་དྲུག་མ་དང་བྲེ་ཉི་ཤུ་ཐམ་པ་ལ་མཁར་ཁལ་གང་དུ་རྩི་བའི་ཚད་ལྡན་གྱི་མཁར་བྲེ་དང་མཁར་འབོ་སོགས་གཏན་ཁེལ”⑧བྱས་པ་དང་། གཞན་ཡང་དངུལ་ལོར་གྱི་ཐད་ནས་བོད་དངུལ་ཞོ་གང་དང་སྐར་ལྔ་དང་། ཞོ་ཕྱེད་སོགས་བྱུང་བ་དང་། རྗེས་སུ་གསེར་དངུལ་ཞོ་བརྒྱད་ལ་ཞོ་གང་རྩི་བའི་སྲོལ་དེར་བཅོས་སྒྱུར་བྱས་ཏེ་ཞོ་བཅུ་ལ་སྲང་གང་དུ་རྩི་བའི་བཅུ་སྲང་གི་ལམ་ལུགས་སུ་གཅིག་གྱུར་བྱུང་། མི་རིགས་གཞན་དང་མངའ་ཁོངས་གཞན་པའི་འབྲེལ་འདྲིས་དང་བོད་རང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལས་འཇལ་བྱེད་དག་སྣ་ཇེ་མང་དང་འཐུས་ཇེ་ཚང་། ཚད་གཞི་གཅིག་གྱུར། སྤྱོད་སྒོ་ཇེ་ཆེར་སོང་ཡོད་དེ། གཤམ་གྱི་གྲངས་ཚད་འཛིན་པའི་འཇལ་བྱེད་དག་རིགས་བགར་ནས་ངོ་སྤྲོད་བྱས་ན།
   1.རྒྱ་ཁྱོན་འཇལ་བྱེད།
   《ཆོས་འབྱུང་མཁས་པའི་དགའ་སྟོན》ལས་“ལེགས་དྲུག་ཐོག་མ་ཨི་ཤོ་ལེགས་ཞེས་བྱ། ། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཞེས། །ཁུ་ཁུ་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས། །འཕྲུལ་བློན་མཛངས་མི་བདུན་གྱི་གཉིས་པ་ཡིན། །མཛངས་པའི་ལས་སུ་ཞིང་ལ་དོར་ཁ་རྩིས། །”ཞེས་པ་ལྟར་དོར་ནི་བོད་བཙན་པོའི་དུས་སུ་ཞིང་སའི་རྒྱ་ཁྱོན་འཇལ་བའི་ཚད་གཞི་ཞིག་ཡིན་ཏེ། རྨོན་ཕྱུགས་གཉིས་མཉམ་སྦྲེལ་ལ་དོར་གཅིག་འབོད་པ་སྟེ། རྨོན་ཕྱུགས་དོར་གཅིག་གིས་ཉིན་གང་ལ་རྨོས་པའི་ཞིང་སའི་རྒྱ་ཁྱོན་ལ་དོར་གཅིག་ཟེར་བ་ཡིན། ཏུན་ཧོང་ཡིག་རྙིང་p.t1078སྟོང་སེར་གྱི་སྡེའི་ཚལ་ཞིང་སྐོར་གྱི་གྱོད་དོན་གྱི་གཏུག་བཤེར་ཡི་གེ་ཞེས་པ་ལས།“……ཞིང་ཡིག་ཀྱང་གཏུགས། དོར་ཐག་གིས་ཀྱང་བཏབ་པ་ལས། བདག་གི་ཞིང་ནི་དོར་གསུམ……ནི་དོར་ཕྱེད་དང་བརྒྱད་ལྷག་པར་བྱུང་སྟེ། འྭང་རྒོད་ཀོང་གི་ཞིང་ལྷག་ལས་དོར་གསུམ་དང་ལྷུ་བདུན། …… ཡུར་བ་ཀེ་ཧྭ་གུར། འྭང་བེང་འདོའི་ཞིང་ལས་དོར་གཅིག་དང་ལྷུ་གཉིས་ནོད་པར་འབྱུང”ཞེས་པ་དང་། ལི་ཡུལ་ནས་རྙེད་པའི་ཁྲམ་བྱང་དུ“……སློན་བན་མྱི་གཉིས་གིས་ནོད་པའ། ཞིང་ལག་དོར་གཅིག ཐོང་ཁྱབ་ཀྱི་ཞིང་གཅིག་གི་རབ། གཡས་སུ་རུ་དཔོན་གྱི་ཞིང་དོར་གཅིག”⑨ཅེས་དོར་གྱི་ཚད་གཞི་ལས་གཞན་ད་དུང་ལྷུ་རྩིས་ཞེས་ཞིང་ཁའི་སོན་འགྲོ་རྩི་སྟངས་ཤིག་ཀྱང་བྱུང་ཡོད།
   2.བོངས་ཚད་ཀྱི་འཇལ་བྱེད།
   ཕྲ་བ་རྡུལ་དང་རྡུལ་ཕྲན་དང་། ། ལྕག་རྡུལ་ཆུ་རྡུལ་རི་བོང་རྡུལ། ། ལུག་རྡུལ་གླང་རྡུལ་ཉི་ཟེར་རྡུལ། ། རི་བས་བདུན་འགྱུར་སྲོ་མའི་ཚད། ། རགས་པ་སོར་མོ་བཅུ་གཉིས་མཐོ། ། མཐོ་གང་ཁྲུ་དོ་ཁྲུ་བཞི་ལ། ། འདོམ་གང་རང་ལུས་བོངས་ཚད་དོ། །
   3.མང་ཉུང་གི་འཇལ་བྱེད།
   (1) གཤོར་ཚད་ཡུལ་དང་དུས་མི་འདྲ་བ་ལས་ཚད་གཅིག་ཏུ་མ་ངེས་ཀྱང་བོད་དབུས་སུ་གསེར་ཞོ་གང་ལ་སེ་བ་ཉི་ཤུ་དང་། ཁྱོར་བ་གང་ལ་ཕུལ་དང་ཕུལ་དྲུག་ལ་ལྷ་སའི་བྲེ་གང་དང་། དེ་བསགས་པའི་སྲང་དང་ཁེ་དང་འབོ་དང་ཁལ་སོགས་དབུས་གཙང་དུ་ཁྱབ་ལ། སྤྱི་ལུགས་ནི་སྤར་བ་གང་ལ་སྲང་གཅིག་ཡིན་ལ་དེ་གཉིས་ཁྱོར་བ(ཕུལ)གང་། ཁྱོར་བ་དོ་ལ་སྙིམ་པ་གང་། སྙིམ་པ་གསུམ་ལ་བྲེ་དྲུག བྲེ་ཉི་ཤུ་ཐམ་པ་ལ་གཤོར་ཁལ་གཅིག་ཏུ་བརྩིའོ། །
   (2) ནས་འབྲུ་ཆེ་བ་གསུམ་གྱི་ལྗིད་ཚད་ལ་ར་ཏི་གང་། ར་ཏི་གཉིས་ལ་སེ་བ་གང་། དེ་གཉིས་ལ་སྐར་གང་། སྐར་བཅུ་ལ་ཞོ་གང་། དེ་བཅུ་ལ་སྲང་གང་། སྲང་བཞི་ལ་ཉག་གང་། ཉག་བཞི་ལ་རྒྱ་མ་གང་། རྒྱ་མ་གང་དང་ཕྱེད་ཀར་ཤེར་གང་། ཤེར་བཞི་བཅུ་ལ་མོན་དོ་གཅིག་ཏུ་བརྩི་བ་ཡིན་ནོ། །
   (3) གསེར་གྱི་ལྗིད་ཚད་འཇལ་སྐབས་ནས་འབྲུ་ཆེ་བ་གཉིས་ལ་མ་ནུ་དང་། མ་ནུ་གཉིས་ལ་སེ་བ་གང་། དེ་གཉིས་ལ་གསེར་ཊམ་གཅིག གསེར་ཊམ་བཅོ་ལྔ་ལ་ཞོ་གང་དུ་བརྩི་བའོ། །
   4.རིང་ཐུང་གི་འཇལ་བྱེད།
   གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག དེ་བདུན་ལ་ལྕགས་རྡུལ་གཅིག དེ་བདུན་ལ་ཆུ་རྡུལ་གཅིག དེ་བདུན་ལ་རི་བོང་རྡུལ་གཅིག དེ་བདུན་ལ་ཤིག་བདུན། དེ་བདུན་ལ་ནས་གཅིག དེ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག་གོ། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ངོ་། ། ཁྲུ་བཞི་ལ་གཞུ་གང་སྟེ་འདོམ་གང་ངོ་། ། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་སྟེ་གཞི་འདོམ་བཞི་སྟོང་ངོ་། །
   5.དུས་ཡུན་གྱི་འཇལ་བྱེད།
   (1) དུས་མཐའི་སྐད་ཅིག་མ་ཉི་ཤུ་ལ་བྱ་རྫོགས་སྐད་ཅིག དེ་དྲུག་ལ་ཐང་གཅིག དེ་སུམ་ཅུ་ལ་ཡུན་ཙམ། དེ་སུམ་ཅུ་ལ་ཉིན་ཞག དེ་སུམ་ཅུ་ལ་ཟླ་བ། དེ་རེ་གཉིས་ལ་དུས་གཅིག དུས་དྲུག་སྟེ་དགུན་སྟོད་དང་དགུན་སྨད་དང་། དཔྱིད་དང་། སོ་ག དབྱར། སྟོན་བཅས་ལ་བགྲོད་པ་གཉིས། བགྲོད་པ་གཉིས་ལ་ལོ་རུ་བརྩི་བའོ། །
   (2) སྐྱེས་བུ་ནད་མེད་སྟོབས་དང་ལྡན་པ་ཞིག་གི་དབུགས་འབྱིན་རྔུབ་རེར་དབུགས་ཁུག་པ་ཟེར་ཞིང་། དབུགས་ཁུག་པ་དྲུག་ཅུ་ལ་ཆུ་སྲང་། ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད། ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག
   (3) ལོ་རབས་ནི་ལོ་བཅུ་སྐོར་ཚན་གཅིག་བརྒྱབ་པ་དང་། དུས་རབས་ནི་ལོ་བརྒྱ་སྐོར་ཚན་གཅིག་བརྒྱབ་པ་དང་། རབ་བྱུང་ནི་མེ་ཡོས་ཏེ་སྤྱི་ལོ༡༠༢༧ལོར་ཚུགས་པ་ཡིན་ཞིང་། མེ་ཡོས་ནས་ལོ་རྒན་དྲུག་ཅུ་རང་སྐོར་གཅིག་གཅིག་བརྒྱབ་ན་རབ་བྱུང་རྗེས་མ་རྗེས་མ་ཡིན།
   (4) དུས་ཚིགས་བཞི་ནི་དགུན་ཟླ་ར་བ་འབྲིང་ཐ་ཆུང་། དཔྱིད་ཟླ་ར་བ་འབྲིང་ཐ་ཆུང་། དབྱར་ཟླ་ར་བ་འབྲིང་ཐ་ཆུང་། སྟོན་ཟླ་ར་བ་འབྲིང་ཐ་ཆུང་བཅས་དང་།ཉིན་མཚན་ཐུན་དྲུག་ནི་དྲོ་བའི་ཐུན་དང་ཉིན་གུང་གི་ཐུན་དང་ཕྱི་དྲོའི་ཐུན། སྲོད་ཀྱི་ཐུན། ནམ་གུང་གི་ཐུན་དང་། ཐོ་རེངས་ཀྱི་ཐུན་བཅས་དང་། དགུན་དགུ་འདྲེན་པ་ནི་དགུན་ཉི་ལྡོག་གི་ཉིན་ནས་བཟུང་དགུན་དང་པོ་འདྲེན་ཞིང་དགུན་གཅིག་ལ་ཉིན་དགུ་གྲངས་ཚད་འཇལ་བྱེད་བྱས་ཏེ་གྲང་ངར་ཆེ་ཆུང་མཚོན་པའི་བརྡ་ལ་དགུན་དགུ་བགྲངས་པ་ཡིན།
   6.ཕྱུགས་ཀྱི་ལོ་གྲངས་ཀྱི་འཇལ་བྱེད།
   (1) ལོ་གཅིག་ཅན་ལ་རྟེའུ་དང་མོ་རྟེའུ་ཟེར། ། ལོ་གཉིས་ཅན་ལ་ཐོ་རུ་ཐོར་མོ་དང་། །ལོ་གསུམ་ཅན་ལ་རྒྱེའུ་དང་རྒྱ་མོ་ཟེར། །ལོ་བཞི་ཅན་ལ་ཕོག་བཞི་ཟེར་བ་དང་། །ལོ་ལྔ་ཅན་ལ་ན་སོ་གཅིག་པ་དང་། །ལོ་དྲུག་ཅན་ལ་ན་སོ་གསུམ་པ་ཟེར། །དེ་ལྟར་བགྲངས་ན་རྟ་ཡི་ལོ་གྲངས་ངེས། །
   (2) ལོ་གཅིག་ཅན་ལ་བེའུ་དང་མོ་བེའུ་ཟེར། ། ལོ་གཉིས་ཅན་ལ་ཡ་རུ་ཡར་མོ་ཟེར། ། ལོ་གསུམ་ཅན་ལ་ཤད་དང་ཤད་མོ་ཟེར། ། ལོ་བཞི་ཅན་ལ་སོ་གཉིས་སོ་གཉིས་མ། ། ལོ་ལྔ་ཅན་ལ་སོ་བཞི་སོ་བཞི་མ། ། ལོ་དྲུག་ཅན་ལ་སོ་དྲུག་སོ་དྲུག་མ། ། ལོ་བདུན་ཅན་ལ་ཁ་བཀང་ཁ་བཀང་མ། ། ཁ་གཉིས་ཁ་གསུམ་ཞེས་པའི་བགྲངས་ན། ། ཟོག་གི་སྐོར་གྱི་ལོ་གྲངས་ཡིན་པར་ངེས། །
   (3) ལོ་གཅིག་ཅན་ལ་ལུ་གུ་མོ་ལུག་དང་། ། ལོ་གཉིས་ཅན་ལ་ལག་ག་ལག་མོ་དང་། ། ལོ་གསུམ་ཅན་ལ་ཐོང་བ་ཚེར་མོ་དང་། ། ལོ་བཞི་ཅན་ལ་སོ་གཉིས་སོ་གཉིས་མ། ། ལོ་ལྔ་ཅན་ལ་སོ་བཞི་སོ་བཞི་མ། ། ལོ་དྲུག་ཅན་ལ་སོ་དྲུག་སོ་དྲུག་མ། ། ལོ་བདུན་ཅན་ལ་ཁ་བཀང་དང་། ཁ་གཉིས་ཁ་གསུམ་ཞེས་པ་བཅས། ། ལུག་གི་ལོ་ཚད་རྩི་ཚུལ་ཡིན། །
   དྲུག། གྲངས་ཀྱི་གནས་བགྲང་།
   གྲངས་གནས་ནི་སྤྱིར་བཏང་དུ་གྲངས་བཅུ་ཅན་གཅིག་འཇལ་བྱེད་གཅིག་བྱས་ཏེ་བཅུ་གོང་འགྲིལ་ཐབས་ཀྱིས་གཡས་ནས་གྲངས་བགྲང་བ་སྟེ། བཅུ་ཅན་གཅིག་ནི་བཅུ་དང་། བཅུ་ཅན་བཅུ་ནི་བརྒྱ་དང་། བཅུ་ཅན་བརྒྱ་ནི་སྟོང་དང་། བཅུ་ཅན་སྟོང་ནི་ཁྲི་ལྟར་རིམ་བཞིན་བརྩི་བ་སྟེ། བཅུ་གོང་འགྲིལ་རེ་ལ་མིང་རེ་བཏགས་ནས་གྲངས་བགྲང་བ་ཡིན་ལ། གྲངས་ཚད་ཆེན་པོའི་གྲངས་བགྲང་སྐབས་གཡས་ནས་མགོ་བཟུང་སྟེ་གྲངས་གནས་རེར་མིང་རེ་ཡོད་དེ། གྲངས་གནས་དང་པོ་ནི་གཅིག་གནས་གྲངས་དང་། གྲངས་གནས་གཉིས་པ་ནི་བཅུ་གནས་གྲངས་དང་། གྲངས་གནས་གསུམ་པ་ནི་བརྒྱ་གནས་གྲངས་དང་། གྲངས་གནས་བཞི་བ་ནི་སྟོང་གནས་གྲངས་དང་། གྲངས་གནས་ལྔ་བ་ནི་ཁྲི་གནས་གྲངས་ལྟར་རིམ་བཞིན་གྲངས་གནས་འཕར་བ་དང་། བོད་རང་གི་གྲངས་གནས་དང་དེང་གི་རྒྱལ་སྤྱིར་གཅིག་གྱུར་གྱི་གྲངས་གནས་བགྲང་ཐབས་ནི་གྲངས་གནས་དྲུག་པ་ནས་མིང་འདོགས་ཚུལ་མི་གཅིག་པ་ཡིན་ལ། བོད་ལ་གྲངས་གནས་དྲུག་ཅུ་རྩི་སྲོལ་ཡོད་དེ། བོད་ཀྱི་གྲངས་གནས་བགྲང་ཐབས་ནི།“གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ། ས་ཡ་བྱེ་བ་དུང་ཕྱུར་སྟེ། ། དགུ་བོ་རྐྱང་པའི་གྲངས་སུ་བརྩི། ། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། ། གཏམས་བཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་བརྟེན་དེད་འདྲེན་མཐའ་སྣང་དང་། ། རྒྱུ་རིག་འོད་མཛེར་དབང་བོ་དང་། ། ལེགས་འབྱིན་རྟོགས་འགྲོ་འབྱིང་རྡུལ་དང་། ། རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། ། རྣམ་བྱུང་སྟོབས་མིག་བྱམས་པ་དང་། ། སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། ། ཉི་ཤུ་རྩ་ལྔ་ཆེན་པོར་བཅས། ། ལྔ་བཅུ་ཁུག་པའི་གྲངས་ཡིན་ཞིང་། ། གྲངས་མེད་པ་ནི་ཐ་མའོ། ། དེ་དག་གྲངས་གནས་དྲུག་ཅུ་བཤད། །”⑩
   བདུན། གྲངས་ཀྱི་རྩོམ་རིག
   1.གྲངས་ཀྱི་མངོན་བརྗོད།
   ཉི་མ་དང་ཟླ་བ། ཀ་བ་དང་བུམ་པ་ལྟ་བུ་ནི་འདོད་རྒྱལ་ཐོག་མའི་བརྡ་སྦྱར་བའི་མིང་ཡིན་ལ་བརྡ་དེ་དག་མངོན་པར་གསལ་བར་བྱེད་ཆེད་བྱ་དངོས་གང་དེའི་ཆོས་ཉིད་དང་ཁྱད་ཆོས། ནུས་པ། རྣམ་པ། རྒྱུ་རྐྱེན་རྣམས་རྒྱུ་མཚན་དུ་བྱས་ཏེ་ཐ་སྙད་བཏགས་པ་དེར་མངོན་བརྗོད་ཟེར་བ་དང་། གྲངས་ཀྱི་མངོན་བརྗོད་ཀྱང་དེ་བཞིན་དུ་གྲངས་ཀྱི་ཁྱད་ཆོས་དང་དགོས་མཁོ། གྲངས་དེ་སྦས་གསང་། ཚིགས་བཅད་རྩོམ་སྐབས་ཚེག་ཁྱིམ་ཁ་སྐོང་བ་དང་བསྡུས་པ། སེམས་ལ་འཛིན་བདེ་བ་སོགས་ལ་གཞིགས་ནས་བཏགས་པ་སྟེ། དཔེར་ན། མེ་མཁའ་རྒྱ་མཚོ་ཞེས་པ403གྱི་དོན་ཡིན། བོད་ཀྱི་རྩིས་གཞུང་དུ་བཀོད་པའི་གྲངས་ཀྱི་མངོན་བརྗོད་ནི་འདི་ལྟར་ཏེ། རང་བཞིན་གཟུགས་དང་བསེ་རུ་དང་། ། ཟླ་བ་འོད་དཀར་རི་བོང་ཅན། ། འདི་རྣམས་གཅིག་གི་མིང་དུ་གྲགས། ། ལག་མིག་ཟུང་བགྲོད་ཐབས་ཤེས་དང་། ། འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས། ། འཇིག་རྟེན་ཚ་བ་ཡོན་ཏན་མེ། ། སྲིད་པ་རྩེ་མོ་ཅན་རྣམས་གསུམ། ། རྒྱུ་མཚོ་ཆུ་གཏེར་ཆུ་བོ་བདུད། །རིག་བྱེད་སྡེ་བ་ཟུང་ལྡན་བཞི། ། འདོད་ཡོན་ཉེར་སྤྱོད་ཕུང་བོ་མདའ། ། འབྱུང་བ་དབང་བོ་ལྔ་ཡི་མིང་། །རོ་དུས་མཚམས་དང་བྲོ་བ་དང་། ། རྒྱན་དང་བཟང་བོ་དྲུག་གི་མིང་། ། རིན་ཆེན་ས་འཛིན་ཐུབ་པ་གླིང་། ། དྲང་སྲོང་རི་གཟའ་རྟ་རྣམས་བདུན། ། ལྷ་ཀླུ་བཀྲ་ཤིས་གདེངས་ཅན་སྦྲུལ། ། ལྟོ་འགྲོ་ནོར་ལྷ་ནོར་དབྱིག་དང་། ། ཉེ་སྲས་རྣམས་ནི་བརྒྱད་ཡིན་ནོ། ། སྲིན་པོ་བུ་ག་གཏེར་རྩ་དགུ། ། འཇུག་པ་ཁྲོ་བོ་སྒྲ་སྒྲོགས་ཕྱོགས། ། འབྱོར་བ་སྟོབས་དང་སོར་མོ་བཅུ། ། དྲག་པོ་དབང་ཕྱུག་བདེ་བྱེད་དང་། ། བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ ། ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས། ། གདུགས་རིམ་སྣ་ཚོགས་ལུས་མེད་དང་། ། འདོད་པ་མྱོས་བྱེད་བཅུ་གསུམ་མིང་། ། མ་ནུ་ཤེད་བུ་ཡིད་སྲིད་པ། ། སྲིད་པའི་གནས་རྣམས་བཅུ་བཞིའོ། ། ཚེས་དང་ཉིན་ཞག་བཅོ་ལྔར་གྲགས། ། ཆ་ཤས་དང་ནི་རྒྱལ་པོ་དང་། ། མི་བདག་ཅེས་པ་བཅུ་དྲུག་གོ ། ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་མིང་། ། རྒྱལ་བ་ཡུལ་ནི་ཉེར་བཞིའོ། །
   དེ་ཉིད་ཉི་ཤུ་ལྔའོ། ། སྐར་མ་འཁོར་ལོ་ཉེར་བདུན་མིང་། ། སོ་དང་གཉིས་སྐྱེས་སུམ་ཅུ་གཉིས། །
   སྟོང་བ་ནམ་མཁའ་ཐིག་ལེ་མིང་། ། ཞེས་གྲངས་ཀྱི་མིང་མངོན་པར་བརྗོད་པ་འདི་ཉིད་ནི་དུས་འཁོར་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་དང་། གཞན་ལོ་འཁོར་ཟླ་བ་བཅུ་གཉིས་ལས་ཟླ་དང་པོ་ལ་མཆུ་ཟླ་དང་། ཟླ་གཉིས་པ་ལ་དབོ་ཟླ། ཟླ་གསུམ་པ་ལ་ནག་ཟླ། ཟླ་བཞི་བ་ལ་ས་ག་ཟླ་བ། ཟླ་ལྔ་བ་ལ་སྣྲོན་ཟླ། ཟླ་དྲུག་པ་ལ་ཆུ་སྟོད་ཟླ་བ། ཟླ་བདུན་པ་ལ་གྲོ་བཞིན་ཟླ་བ། ཟླ་བརྒྱད་པ་ལ་ཁྲིམས་སྟོད་ཟླ་བ། ཟླ་དགུ་བ་ལ་ཐ་སྐར་ཟླ་བ། ཟླ་བཅུ་བ་ལ་སྨིན་དྲུག་ཟླ་བ། ཟླ་བཅུ་གཅིག་པ་ལ་མགོ་ཟླ། བཅུ་གཉིས་པ་ལ་རྒྱལ་ཟླ་ཞེས་ཟླ་གྲངས་བརྩི་བར་ཡང་མིང་གི་མངོན་བརྗོད་ཡོད།
   2.གྲངས་ཀྱི་གཏམ་དཔེ།
   བོད་ཀྱི་དམངས་ཁྲོད་ཀྱི་ངག་རྒྱུན་དུ་རིང་ནས་འཇགས་པའི་གཏམ་དཔེ་ཤིན་ཏུ་མང་པོ་ཡོད་པ་རྣམས་ནི་མི་རིགས་རང་གི་མེས་པོ་ཚོས་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཤེས་བྱ་གང་མང་ཞིག་དཔེ་དང་སྦྱར་ཏེ་དོན་སྟོན་པ་སྟེ། ཚིག་ཉུང་ཞིང་དོན་འདུས་པ། གོ་སླ་ཞིང་རྣ་བར་སྙན་པ། ངག་ལ་བདེ་ཞིང་མཚོན་སྟོབས་ཆེ་བ། བརྗོད་བྱ་གནད་དུ་ཁེལ་བ་སོགས་ཀྱི་ཁྱད་ཆོས་འཛོམས་ཡོད་ལ། བོད་མིའི་ཁ་དཔེར“གཏམ་ལ་དཔེ་མེད་ན་བཤད་དཀའ། སྣོད་ལ་ལོང་བུ་མེད་ན་ཁྱེར་དཀའ།”ཞེས་པ་ལྟར། གཏམ་དཔེ་ནི་འདུས་ཚོགས་གང་རུང་དུ་གཏམ་བཤད་གནང་སྐབས་མེད་དུ་མི་རུང་བ་ཞིག་ཡིན། གཏམ་དཔེ་གང་མང་དུ་གྲངས“གཅིག”དང“དགུ”དང་།“བརྒྱ”དང“སྟོང”སོགས་ཀྱིས་ལམ་ནས་དོན་སྟོན་པ་ཤིན་ཏུ་མང་སྟེ། འདི་རུ་གྲངས་ཀྱི་གཏམ་དཔེ་སྐོར་ཞིག་བཀོད་ན་ནི། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ནས། བློ་རྩེ་ཉི་ཤུ་རྩ་ལྔ་སྒོམ་དགོས། ། མི་སུམ་ཅུར་བསམ་པ་སུམ་ཅུ། ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ། ། བྱ་བ་གཅིག་ལ་བྱེད་ཐབས་བརྒྱ། འགྲོ་ས་གཅིག་ལ་འགྲོ་ལམ་སྟོང་། ། གཅིག་དང་གཉིས་ཀྱི་མང་ཉུང་ཡོད། གང་དང་དོ་ཡི་ཡང་ལྗིད་ཡོད། ། བརྒྱ་བཤད་ཚིག་གི་རྩ་བ། སྟོང་བཤད་འོ་མའི་མར་ལོ། ། ཀུན་མཁྱེན་བླ་མ་བརྒྱ་ཡོད་ཀྱང་། རང་ལ་དད་ས་གཅིག་གིས་ཆོག ། གཅིག་བཤད་དོན་ལ་མ་གནས་ན། བརྒྱ་བཤད་སྟོང་བཤད་བུ་གུའི་སྒྲ། ། སྨུག་པོ་མཆོང་གི་རྭ་ཅོ་ཅན། བརྒྱ་བརྒྱ་མ་ལ་བརྒྱ་རེ་མཐུད། ། ར་མ་གཅིག་ལ་རེའུ་ཚེ་གཉིས། དཔྱིད་ཁ་ཆེན་འབབ་དུས་ར་རོ་གསུམ། ། ཤྭ་ཕོ་ཆེན་ལ་འགྲོ་ལམ་བཅོ་བརྒྱད་ཡོད་ན། རྔོན་ཁྱི་ཁྲིད་ལ་སྒུག་ལམ་བཅུ་དགུ་ཡོད་དགོས། ། སེང་མ་གཅིག་ལ་སེང་ཕྲུག་གཅིག ། ཁྱི་མ་གཅིག་ལ་ཁྱི་ཕྲུག་དགུ། ། ཨ་ལུས་མ་རིག་པའི་རྒྱལ་ཁབ་བཅོ་བརྒྱད། སྦལ་བས་མ་རིག་པའི་ན་འདམ་བཅོ་བརྒྱད། ། གཏམ་ཚིག་གསུམ་བཤད་པའི་དོན་རྩ། སྒའི་ལྷུ་བཞི་སྒྲོག་གི་རྒྱུན་ཐག ། ཌ་རུ་འདྲ་བའི་ངོས་གཉིས་མ། དྲིལ་བུ་འདྲ་བའི་ལྕེ་གཉིས་མ། ། དཔྱིད་ཉིན་གཅིག་ལ་དྲོ་འཁྱག་དགུ། ། མྱི་ངན་སེམས་ལ་དགའ་སྡུག་དགུ། ། བུ་སྤུན་གཉིས་འགྲོས་དགྲ་ཡི་ཐོ་བ། རྒོད་མ་གཉིས་འགྲོས་ཕྱུག་གི་རྒྱུ་རྩ། ། མི་གཅིག་སོང་ན་ལམ་མགོ་མི་ཐོན། མི་གཉིས་སོང་ན་ལམ་ལ་མི་ཤོང་། ། ཞག་གསུམ་གྱི་བྲོ་ཁ་མེད་ན། ལུང་གསུམ་གྱི་འདུས་མདོར་མ་འགྲོ། ། ཟས་གཅིག་ལྕོགས་འབྲི་ཞོ་མངར་མོ། གཏམ་གཅིག་ལྕོགས་ཕ་མའི་བསླབ་བྱ། ། གཅིག་གྲོས་གཅིག་ལ་ཕན་ན། ། གཅིག་དོན་གཅིག་གིས་སྒྲུབ། ། བཅོ་ལྔའི་ལྷ་ཟླ་འདྲ་འདྲ་ཁྱེད་མ་རེད། ཉི་ཤུའི་ཟླ་ནག་འདྲ་འདྲ་ང་མ་རེད། ། ནད་བརྒྱ་སྨན་གཅིག ། ཁ་བརྒྱ་དོན་གཅིག ། རྣམ་སྲས་རྟ་བདག་བརྒྱད་མ། ཞབས་འདྲེན་རྐང་ཐང་གཅིག ། སྐད་རིགས་མི་གཅིག་སུམ་ཅུའི་ནང་། ། ཤེས་བྱ་མི་གཅིག་སུམ་ཅུ་ཡོད། །སྐད་གཅིག་ཚིག་གཅིག་ཤོད་པར། ། བསམ་བློ་ལན་གསུམ་གཏོང་དགོས། ། སྐུ་ལུས་གཅིག་ལ་བཀོད་པ་བརྒྱ། །སྐྱིད་ཉི་མ་གཉིས་ལ་ཤར་དུས་མེད། ། སྡུག་མུན་པ་གཉིས་ལ་སངས་དུས་མེད། ། སྐྱིད་པོར་ཉིས་བརྩེགས་མེད་པར། །སྡུག་པོར་སུམ་བརྩེགས་སླེབས་ཡོང་། ། ཁྱེད་ལ་ངན་པ་དགུ་འཛོམས་ན། ། ང་ལ་བཟང་བོ་བཅུ་འཛོམས་ཡིན། །གོ་བའི་བུ་ལ་ཚིག་གསུམ། ། མགྱོགས་པའི་རྟ་ལ་ལྕག་གསུམ། ། གོམ་གསུམ་འགྲོ་དབང་མེད་ཀྱང་། །ཚིག་གསུམ་བཤད་དབང་ལོས་ཡོད། ། གོམ་གསུམ་མ་སྤོས་རྒྱལ་པོའི་ལྡུམ་ར། ། ཚིག་གསུམ་མ་བཤད་དཔོན་པོའི་ཁྲིམས་ར། ། རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན། ། བློན་པོའི་འདུ་ར་ཐེངས་གཅིག་ཡིན། ། བརྒྱ་ཐམ་པའི་ཁ་ཁེབས་ཀྱང་། ། སྟོང་ཐམ་པའི་མིག་མི་ཁེབས། ། བརྒྱའི་དཀྱིལ་ནས་བདམས། སྟོང་གི་དཀྱིལ་ནས་བསྒྲུགས། ། འཕྱི་བ་གཅིག་ལ་སྒོམ་ཆེན་གཅིག ། རི་བོང་བརྒྱ་ལ་བློ་ལྡན་གཅིག ། མི་བརྒྱ་སེམས་གཅིག ། རྟ་བརྒྱ་འགྲོས་གཅིག ། མི་གཉིས་བར་ནས་རྫ་བཅག ། བློ་གཉིས་བར་ནས་དོན་འཕྱུག ། མི་བྱེད་དགུ་བྱེད་བྱས་ན། མི་ཡོང་དགུ་ཡོང་ཡིན། ། མི་ཤེས་བརྒྱ་ཡི་གྲོས་མགོ་ལས། ཤེས་པའི་སྐད་ཆ་ཚིག་གཅིག་དགའ། ། མི་ལ་འཕྱ་གསུམ་འཕྱ་བ་ལ། རང་ལ་འཛོམས་གསུམ་འཛོམས་པ་དགོས། ། ཟས་ཞིམ་པོ་ཉི་མ་གཅིག་རེད། ། གཏམ་ངན་པ་བསྐལ་བ་སྟོང་རེད། ། ལེགས་པ་བརྒྱ་ལ་བསྐོར་ཕྱོགས། ། ཞིམ་པ་བརྒྱ་ལ་གཡོ་ཕྱོགས། ། ལོ་གསུམ་སྡོད་པའི་ཚེ་ལས་མེད་ཀྱང་། །ལོ་བརྒྱ་འདང་བའི་ཡོན་ཏན་དགོས། ། གཅིག་བཤད་སེམས་ལ་བླངས་ན། ། བརྒྱ་བཤད་མདུད་པ་གྲོལ་ཐུབ། ། སོགས་ཤིན་ཏུ་མང་པོ་ཡོད།
   3.གྲངས་ཀྱི་དཔེ་ཆོས།
   དཔེ་ཆོས་ནི་དཔེའི་སྒོ་ནས་བརྗོད་བྱའི་ཆོས་ཀྱི་དོན་སྟོན་པའི་ཚིག་ཐུང་ངུ་གཏན་ཆགས་པ་ཞིག་ཡིན་ཏེ། སྤྱིར་དཔེ་ཆོས་འདི་དག་ཁ་དམ་ལ་གཏིང་ཟབ་པ་དང་རྒྱུན་སྤྱོད་གཏན་ཆགས་ཡིན་ལ། ཚིག་ཉུང་ཞིང་སྡེབ་ལེགས་པས་འཆད་པའི་ཁ་ལ་བརྗོད་བདེ་བ། ཐོས་པའི་ཡིད་ལ་ཉམས་གསལ་བ། ཀུན་གྱི་རྣ་བར་སྙན་པ་ཞིག་ཡིན། བོད་དུ་དཔེ་ཆོས་གཏམ་དཔེ་བཞིན་དར་ཁྱབ་ཤིན་ཏུ་ཆེ་བ་མ་ཟད་ཁ་གྲངས་ཀྱང་མོད་པོ་ཡིན་ལ། དཔེ་ཆོས་དེ་དག་ལས་གྲངས་ཀའི་ལམ་ནས་བརྗོད་པའམ་མི་ཉུང་བ་ཡོད་པས། འདིར་གྲངས་ཀྱི་དཔེ་ཆོས་སྐོར་ཞིག་འགོད་པ་ལ། བློ་གཅིག་སེམས་གཅིག ཡིན་གཅིག་མིན་གཉིས། གཅིག་བཤད་གཉིས་བཤད། གཅིག་སེམས་གཅིག་གཏད། གཅིག་གྲོགས་གཅིག་ཕན། གཅིག་ཤོར་གཉིས་ཤོར། གཅིག་འཇགས་གཅིག་ལངས། གཅིག་གྲོགས་གཅིག་བྱེད། བཞི་ལིང་ལྔ་ལིང་། ཀ་གཅིག་སྒོ་གཅིག གཅིག་གྲོགས་གཅིག་སློང་། གཅིག་ཐོག་ཉིས་བརྩེགས། གཅིག་ཐོག་གཅིག་མཆོངས། གཅིག་པ་གཅིག་རྐྱང་།གཅིག་ཕྱོགས་གཅིག་བཟུང་། གཅིག་བྱས་གཉིས་གྲུབ།གཅིག་མཁས་གཉིས་མཁས། གཅིག་མིན་གཉིས་མིན། གཅིག་འཕར་གཅིག་ཆག གཅིག་འཕྲོར་གཅིག་མཐུད། གཅིག་རྗེས་གཉིས་མཐུད། གཅིག་ལ་གཉིས་ལྟོས། གཅིག་ཤེས་ཀུན་གྲོལ། གཅིག་གོ་གཉིས་ཆོད། གཅིག་རྐྱང་གཉིས་མེད། གཅིག་མགོ་གཅིག་གཡོགས། གཅིག་དཔེ་བརྒྱ་འགེབས། གཅིག་ཉམས་ཀུན་ཉམས། གཅིག་ཞོར་གཉིས་གྲུབ། གཅིག་ཤོར་དགུ་ཐོབ། ཁ་ཞེ་གཉིས་མེད། བརྒྱ་ཁ་གཅིག་ཆོད། བརྒྱ་བཤིག་སྟོང་འགུགས། བརྒྱ་ཤི་སྟོང་ལངས། བརྒྱ་འགྱུར་སྟོང་འགྱུར། བརྒྱ་ཡ་གཅིག་ཕེར། བཞི་དོར་ལྔ་སྒྲིལ། མགྲིན་བརྒྱ་དབྱངས་གཅིག གླུ་བརྒྱ་ངག་གཅིག ཚིག་བརྒྱ་དོན་གཅིག ལ་དགུ་ལུང་དགུ རི་བརྒྱ་ཀླུང་བརྒྱ། ཐབས་བརྒྱ་ཇུས་སྟོང་། མི་དྲན་དགུ་དྲན། མི་ལས་དགུ་ལས། ཕྱོགས་བཞི་མཚམས་བརྒྱད། ཉིན་མཚན་དུས་དྲུག སོགས་མང་པོ་ཡོད།
   4.གྲངས་ཀྱི་བྱིས་གླུ།
   བོད་ཀྱི་དམངས་ཁྲོད་དུ་བྱིས་པ་རྣམས་ཀྱི་བློ་གྲོས་ཀྱི་སྒོ་མོ་འབྱེད་པ་དང་། ཤེས་རིག་གི་མཐོང་རྒྱ་ཆེར་བསྐྱེད་པ། ཡ་རབས་ཚུལ་ལྡན་གྱི་ཕྱོགས་ལ་སྐུལ་བའི་བྱིས་སྒྲུང་དང་བྱིས་གླུ། ཨ་མཚར་གྱི་རིགས་མི་འདྲ་བ་གང་མང་ཡོད་པ་དང་། དེ་དག་བྱིས་པའི་བློ་ཁ་དང་འཚམ་ཞིང་། ངོ་མཚར་བ་དང་ཉན་སྤྲོ་བ་དང་།དབྱངས་ལ་གྱེར་བདེ་བ་སོགས་ཀྱི་ཁྱད་ཆོས་འཛོམས་ཡོད་དེ། དམངས་ཁྲོད་དུ་ཁྱབ་པའི་བྱིས་གླུ་ལ《ཨ་ཆགས་ཆགས་དགུ》དང་། 《ཨ་མཚར་མཚར་དགུ》དང་། 《ཨ་ཚ་བོ་ཚ་དྲུག》དང་། 《ཨ་གཅིག་ཡ་གཅིག》སོགས་ཡོད། འདི་རུ་གྲངས་ཀྱི་ཁྱད་ཆོས་གཞིར་བཟུང་བའི་བྱིས་གླུ《ཨ་གཅིག་ཡ་གཅིག》བཀོད་ན་ནི། ཨ་གཅིག་ཡ་གཅིག་གཙོད་བོ་རྭ་གཅིག ། ཨ་གཉིས་ཆ་གཉིས་ར་མ་ནུ་གཉིས། ། ཨ་གསུམ་ཆ་གསུམ་སྒྱེད་པུ་མགོ་གསུམ། ། ཨ་བཞི་ཆ་བཞི་འབྲི་མོ་ནུ་བཞི། ། ཨ་ལྔ་ཡ་ལྔ་མཛུབ་གུ་སྤུན་ལྔ། ། ཨ་དྲུག་ཆ་དྲུག་སྐར་མ་སྨིན་དྲུག ། ཨ་བདུན་ཆ་བདུན་སྐར་མ་སྨེན་བདུན། ། ཨ་བརྒྱད་ཆ་བརྒྱད་ཤ་བོ་རྭ་བརྒྱད། ། ཨ་དགུ་ཡ་དགུ་སྲིན་པོ་མགོ་དགུ། ། ཨ་བཅུ་ཆ་བཅུ་ཁྱི་མོ་ནུ་བཅུ། ། གཞན་ད་རུང་དམངས་ཁྲོད་ཀྱི་ལས་གླུ་རུ་གྲངས་ཀྱི་མིང་གིས་རྒྱན་པ་མང་པོ་ཡོད་དེ། དཔེ་ཞིག་བཀོད་ན། 《ཕྱིང་བ་འཇོག་པའི་གླུ》ལས། ཏིལ་རིལ་རིལ། ། ནས་རིལ་རིལ། །ཨ་ལོང་ཀྱིག་ཀྱིག ། སོབ་མི་རིག་རིག ། ཁ་དཀར་རྐྱང་གི་ཁ་ཀོ་བྱས། ། བྲེ་སེར་འབྲོང་གི་ཐོད་ཀོ་བྱོས། ། ཇག་ལ་འགྲོ་བའི་ཇག་ཕྱིང་བྱོས། ། དམག་ལ་འགྲོ་བའི་དམག་ཕྱིང་བྱོས། ། གཅིག་ཡ། གཉིས་ཡ། གསུམ་ཡ། བཞི་ཡ། ལྔ་ཡ། དྲུག་ཡ། ཞེས་སོགས་ལྟ་བུའོ། །
   བརྒྱད། གྲངས་ཀྱི་དམངས་སྲོལ།
   གྲངས་ཚད་འཛིན་པ་ནི་ཡི་གེ་མ་བྱུང་བའི་སྔོན་ནས་དར་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཞབས་ཞུ་སྒྲུབ་མགོ་བརྩམས་པ་དང་། རྗེས་ནས་གྲངས་ཀྱི་ཡི་གེ་སྟེ་ཨང་ཡིག་དང་གྲངས་ཀྱི་རིག་པ་བྱུང་ནས་རིག་གནས་སྤྱི་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པ་བླ་མེད་བཏགས་པས། མིའི་རིགས་ཀྱི་འཚོ་བའི་གྲུ་ཟུར་རེ་ནས་གྲངས་ཀྱིས་ཕན་ནུས་རྒྱ་ཆེར་ཐོན་གྱིན་ཡོད་པ་དང་།རིག་གནས་སོ་སོའི་ཟུར་རེ་རེ་ནའང་གྲངས་ཀྱི་སྤྱོད་སྒོ་ཕུན་སུམ་ཚོགས་པ་ཡིན། ང་ཚོ་བོད་ཀྱི་འཚོ་བའི་སྲོལ་ལུགས་དང་བསམ་བློའི་འཁྱེར་སོ་སོགས་སུ་གྲངས་ཀྱིས་ནུས་པ་བླ་ལྷག་ཐོན་གྱིན་ཡོད་དེ། གྲངས་ལ་རྟེན་ནས་འཚོ་བའི་ནང་ནས་ལྟས་བཟང་ངན་དང་བཀྲ་ཤིས་མིན། འཛེམ་དགོས་མིན་སོགས་མཚོན་པ་མང་པོ་ཡོད། དཔེར་ན། དཀོན་མཆོག་ལྷའམ་བླ་མར་ཕྱག་འཚལ་དུས་སྤྱིར་བཏང་དུ་ཕྱག་ལན་གསུམ་འཚལ་བ་དང་ལྷ་ཁང་ལ་བསྐོར་བ་ལན་གསུམ་རྒྱག་པ་སྟེ། ཨ་མདོའི་དམངས་གཞས་སུ“ཡར་འཁོར་ལ་ལྷ་ལ་ཕྱག་གསུམ་འཚལ། མར་འཁོར་ར་དགྲ་མགོ་རྡོག་པས་མནན།”ཞེས་ཡོད་པ་དང་། ཇ་ཆང་གི་མཆོད་ཁ་འཕེན་དུས་ལན་གསུམ་མཆོད་པ་དང་། གཏམ་དཔེར་ཡང“གོམ་གསུམ་སྤོ་དབང་དང་ཚིག་གསུམ་བཤད་དབང”ཞེས་དང་། བཀྲ་ཤིས་པའི་གཉེན་སྟོན་སོགས་ཉིན་བཟང་སྐར་བཟང་འདེམས་སྐབས་རྒྱུན་དུ་གྲངས་ཀྱི་ཡ་གྲངས་ཕལ་ཆེར་བཟང་བར་བརྩི་བ་དང་། ཁྱིམ་པའི་རིམ་གྲོ་དང་འདས་མཆོད་སྒྲུབ་སྐབས་སུ་དགེ་འདུན་བདུན་གཅིག་བསུ་བ་དང་། གཤིན་པོའི་དགུང་ཞག་བགྲང་སྐབས་ཡང་ཉིན་བདུན་བདུན་ཞེ་དགུ་བརྩི་བ་དང་། མཆོད་ཁང་དུ་མཆོད་པ་འབུལ་དུས་མཆོད་པ་བདུན་ཚར་གཅིག་འབུལ་བ་དང་། ནད་པས་སྨན་འཐུང་དུས་ཀྱང་ཉིན་བདུན་གཅིག་འཐུང་ཡུན་གཅིག་ཏུ་བལྟ་བ་དང་། རྣམ་གྲངས་བརྩི་བའི་སྐབས་སུའམ་དཀོན་མཆོག་གསུམ་དང་མཁས་པ་མི་གསུམ་དང་།མགོན་པོ་རིགས་གསུམ་དང་། བཀས་བཅད་ཐེངས་གསུམ་དང་། མཛངས་པ་མི་བདུན་དང་། ཐེག་པ་རིམ་དགུ་དང་། སྲིད་པ་ཆགས་པའི་ལྷ་དགུ་དང་། ཕོ་ལྷ་དགྲ་ལྷ་བཅུ་གསུམ་སོགས་ཡོད་པ་དང་། ཕྲེང་བ་གཅིག་ལ་ཕྲེང་རྡོག་བརྒྱ་རྩ་བརྒྱད་ཚང་དགོས་པ་དང་། ཚ་ཁོ་ངག་དབང་གྲགས་པས་དགོན་བརྒྱ་རྩ་བརྒྱད་བཏབ་པ་དང་།རི་ཁྲོད་པས་ཆུ་མིག་སྒྲུབ་སྐབས་ཆུ་མིག་བརྒྱ་རྩ་བརྒྱད་ལ་བསྐོར་བ་སོགས་མང་པོ་ཡོད། འདིར་ཆུ་ཚད་དང་དུས་ཚོད་ཀྱི་དབང་གིས་རྒྱས་བཤད་མ་ཐུབ་པས་འདིར་ཕྱོགས་ལ་མོས་པ་ཡོད་མཁན་ཚོས་ཞིབ་འཇུག་གནད་ཐིངས་སྒོས་ཁ་སྐོང་གནང་རོགས་ཞུའོ། །

① 徐品方 张红《数学符号史》科学出版社 2007年第二版 P3
② ལྕགས་ཐར་རྒྱལ། 《 བོད་གངས་ཅན་གྱི་ཡུལ་དུ་ཡི་གེ་བྱུང་འཕེལ་གྱི་རིམ་པ་བརྗོད་པ་རིག་པའི་སྒྲོན་མེ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P22
③ ④ ⑤ 徐品方 张红《数学符号史》 科学出版社 2007年第二版 P60 P64 P71
⑥ བོད་ཀྱི་གནའ་བོའི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་ལས་འབྲུ་རིགས་སོགས་ཀྱི་ཚད་འཇལ་བྱེད་དེ། ཕུལ་གསུམ་ལ་ནས་འདོང་གང་ཟེར།
⑦ ཤ་དང་མར། བལ་སོགས་ཀྱི་སྲང་འདེགས་ཚད་གཞི་སྟེ། སྲང་བཞི་ལ་ཉག་གང་ཟེར།
⑧བུ་ཆུང་ཐར། 《བོད་ཀྱི་གྲངས་ཀའི་རིག་གནས་རྣམ་བཤད། 》ཞེས་པ《ཀྲུང་གོའི་བོད་རིག་པ》1998ལོའི་དེབ་གཉིས་པ།
⑨王尧 《王尧藏学文集•吐蕃简牍综录》中国藏学出版社 P141
⑩ཤ་བོ་ཚེ་རིང་དང་བློ་ཡངས་རྒྱལ། 《 བོད་ཀྱི་སྐར་རྩིས་རིག་པའི་རྣམ་བཞག》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P64ནསP65 

 དཔྱད་གཞིའི་ཡིག་ཆ།

[1] ཤ་བོ་ཚེ་རིང་དང་བློ་ཡངས་རྒྱལ། 《 བོད་ཀྱི་སྐར་རྩིས་རིག་པའི་རྣམ་བཞག》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ7པ།
[2]李文林《数学史概论》2003年第二版 高等教育出版社。
[3] ཧོར་ཁང་བསོད་ནམས་དཔལ་འབར་སོགས། 《བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2001ལོའི་ཟླ6པ།
[4] བུ་ཆུང་ཐར། 《བོད་ཀྱི་གྲངས་ཀའི་རིག་གནས་རྣམ་བཤད》《ཀྲུང་གོའི་བོད་རིག་པ》1998ལོའི་དེབ་གཉིས་པ།
[5] སྐལ་བཟང་ཚེ་རིང་། 《བཙན་པོའི་རྒྱལ་རབས་སྐབས་ཀྱི་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞིའི་སྐོར་གླེང་བ》 《བོད་ལྗོངས་ཞིབ་འཇུག》2014ལོའི་དེབ་གསུམ་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1