༄༅།། བོད་བརྒྱུད་དམངས་ཁྲོད་བཟོ་རྩལ་གྱི་ཕ་ཡུལ་སྨད་ཤོད།

སྐལ་བཟང་ཐུབ་བསྟན་གྱིས་སྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-10


ཅ་པེས་བྲིས་ཤིང་ཏེང་ཕིང་མོས་པར་བླངས། སྐལ་བཟང་ཐུབ་བསྟན་གྱིས་སྒྱུར།


 དགུན་དུས་ཀྱི་སྨན་ཤོད།

        སྨན་ཤོད་ནི་ཐག་རིང་ལུང་ཁུག་ན་གནས་ཀྱང་གྲོང་སྡེ་ཕལ་བ་གཞན་དང་མི་འདྲ་སྟེ། དེར་རྫ་ནག་དང་བལ་ཁུ་བསླས་འཐག ཟངས་མགར། ཐང་ག ཤིང་རྐོ། བོད་སྨན། བོད་སྤོས། གསེར་དངུལ་ལས་བཟོ། འཚེམ་དྲུབ་སོགས་བོད་བརྒྱུད་ལག་ཤེས་བཟོ་རྩལ་རིགས༡༥ཡོད་ཅིང་། ཕུན་སུམ་ཚོགས་པའི་ལག་རྩལ་ནི་ང་ཚོའི་བློས་དཔོག་ལས་ཡོངས་སུ་འདས། སྨན་ཤོད་ཀྱི་བྱེད་ཐབས་དང་གནས་བབ་ལ་མིག་དཔེ་རང་བཞིན་ཡོད་ཅིང་འབྱུང་འགྱུར་ཕྱོགས་བསྡུས་ཀྱི་བོད་བརྒྱུད་སྲོལ་རྒྱུན་ལག་རྩལ་བཟོ་རྩལ་ས་ཁོངས་ཤིག་ཏུ་བརྩིས་ནས་རྒྱལ་ཁབ་ལ་གཟུགས་མེད་རིག་གནས་ཤུག་བཞག་གི་ལས་གཞི་རེ་ཞུ་བྱ་འོས་པ་ཞིག་རེད།
        སྡེ་དགེ་རྫོང་སྲིད་གཞུང་གི་ལས་སྒྲུབ་མི་སྣས་སྣེ་ཁྲིད་དེ་ང་ཚོ་སྡེ་དགེའི་སྨན་ཤོད་དུ་ཐེངས་ཤིག་སོང་བ་ཡིན། དེར་བོད་ཀྱི་སྲོལ་རྒྱུན་ལག་རྩལ་རྒྱ་ཆེར་དར་ཡོད་ཅིང་། སི་ཁྲོན་ནུབ་ཁུལ་དུ་ཐེངས་གཅིག་སོང་བ་དང་ཁྱད་མེད་ཅེས་མཚམས་སྦྱོར་བྱས་པས། ང་ཚོ་འབྲི་ཆུའི་ཤར་རྒྱུད་དུ་གནས་པའི་སྨན་ཤོད་དུ་ཕྱིན་པ་ཡིན། འབྲི་ཆུའི་གཡོན་ཕྱོགས་ནས་སྨན་ཤོད་ཀྱི་མགོ་མཇུག་བར་གསུམ་དུ་རྒྱུག་པའི་སྨན་ཆུའི་འགྲམ་ནས་ཡར་བསྐྱོད་པ་དང་ཆབས་ཅིག་སྨན་ཤོད་ཅེས་པ་ནི་ཆུའི་མིང་ཡུལ་ལ་ཐོགས་པར་ཤེས། དེ་སྔོན་སྨན་ཆུའི་གཡས་གཡོན་གྱི་ལུང་པའི་ཆགས་ལུགས་ལ་བལྟས་ནས་སྨན་ཤོད་ལ་སྟོད་སྨད་བར་གསུམ་ཕྱེ་བ་དང་། ༡༩༨༤ལོར་ཕུ་མ་ཡུལ་ཚོ་དང་མདའ་མ་ཡུལ་ཚོ། ཡོ་པ་ཡུལ་ཚོ་བཅས་བཏགས་ཤིང་ཕན་ཚུན་བར་ཐག་རིང་པོ་མེད། སྨན་ཤོད་ནི་ཐག་རིང་ལུང་ཁུག་ན་གནས་ཀྱང་གྲོང་སྡེ་ཕལ་བ་གཞན་དང་མི་འདྲ་སྟེ། དེར་རྫ་ནག་དང་བལ་ཁུ་བསླས་འཐག ཟངས་མགར། ཐང་ག ཤིང་རྐོ། བོད་སྨན། བོད་སྤོས། གསེར་དངུལ་ལས་བཟོ། འཚེམ་དྲུབ་སོགས་བོད་བརྒྱུད་ལག་ཤེས་བཟོ་རྩལ་རིགས༡༥ཡོད་ཅིང་། ཕུན་སུམ་ཚོགས་པའི་ལག་རྩལ་ནི་ང་ཚོའི་བློ་ཡུལ་ལས་ཡོངས་སུ་འདས། སྨན་ཤོད་ཀྱི་བྱེད་ཐབས་དང་གནས་བབ་ལ་མིག་དཔེ་རང་བཞིན་ཡོད་ཅིང་འབྱུང་འགྱུར་ཕྱོགས་བསྡུས་ཀྱི་བོད་བརྒྱུད་སྲོལ་རྒྱུན་ལག་རྩལ་བཟོ་རྩལ་ས་ཁོངས་ཤིག་ཏུ་བརྩིས་ནས་རྒྱལ་ཁབ་ལ་གཟུགས་མེད་རིག་གནས་ཤུག་བཞག་གི་ལས་གཞི་རེ་ཞུ་བྱ་འོས་པ་ཞིག་རེད།
འཇམ་དབྱངས་དགེ་ལེགས་ཀྱི་རྫ་ནག་བཟོ་རྩལ།
 རྫ་ནག་བཟོ་བའི་གནད་འགག་ནི་སོར་མོའི་འདུ་བྱེད་ལ་རག་ལས་ཡོད།
        སྨན་ཤོད་དུ་སླེབས་རྗེས་ང་ཚོ་འཇམ་དབྱངས་དགེ་ལེགས་ཀྱི་རྫ་ནག་བཟོ་ཁང་ཆུང་ཆུང་དེར་ལྟ་སྐོར་དུ་ཕྱིན་པ་ཡིན། ལག་རྩལ་པ་ཁ་ཤས་དཀྱིལ་ཀྲུང་བཅས་ནས་འདམ་ནག་རྫི་བཞིན་འདུག འདམ་ནག་ནི་རྫ་ནག་བཟོ་བྱེད་ཀྱི་རྒྱུ་ཆ་ཡིན་ཞིང་དམིགས་བསལ་གྱི་ས་མཐིང་ནག་དང་གསེར་རྡོ་འདྲེས་པ་ལས་གྲུབ་པ་རེད། རྫ་ནག་གི་ཐོན་རྫས་ནི་བོད་མིས་རྒྱུན་སྤྱོད་ཀྱི་ཇ་ལྟིར་དང་རྫ་སྣོད། མེ་སླང་སོགས་ཡིན་ཞིང་ད་ལྟར་ཁོ་ཚོས་གྲོང་ཁྱེར་དུ་སྤྱོད་པའི་ཇ་སྣོད་དང་ཚིག་ཇའི་སྣོད་ཆས་ཀྱང་བཟོ་བཞིན་འདུག སྤྱིར་བཏང་བཤད་ན་ལག་རྩལ་འདི་བྱང་ཆུབ་པ་ཞིག་ཤེས་དགོས་ན་ལོ་བཞི་ནས་ལྔའི་བར་དགོས་པ་རེད། ༢༠༠༠ལོར་རྫོང་གསར་དགོན་གྱི་ཁོངས་གཏོགས་རྫོང་གསར་ཁང་ཆེན་ལྔ་རིག་ནང་བསྟན་སློབ་གླིང་གི་བཟོ་རིག་པའི་ཚན་ཁག་གིས་སྨན་ཤོད་དུ་ལག་རྩལ་འཛིན་གྲྭ་བཙུགས་ཤིང་རྫ་སྣོད་འཛིན་གྲྭའི་འགོ་བཙུགས་པའི་ཐོག་ཁྲོམ་ར་རྒྱ་སྐྱེད་ཀྱང་ཕྱིན་པ་རེད། འཇམ་དབྱངས་དགེ་ལེགས་ཀྱི་ཨ་ཕ་ནི་རྫ་སྣོད་འཛིན་གྲྭའི་དགེ་རྒན་ཐོག་མ་ཡིན་ཞིང་ཁོས་ཕ་ཤུལ་བུས་འཛིན་བྱས་པ་རེད། ད་ལྟ་ཁོས་ཀྱང་དགེ་ཕྲུག་མི་ཉུང་བ་གསོ་སྐྱོང་བྱེད་བཞིན་ཡོད།
འཇམ་ཐིང་ངེར་གནས་པའི་རྫ་ནག་བཟོ་ཁང་། 
        ད་ལྟ་སྨན་ཤོད་རྫ་སྣོད་འཛིན་གྲྭར་ལག་རྩལ་པ༡༨ཡོད་ཅིང་ཁོ་རང་དང་ཁོའི་ཨ་ཕ་གཉིས་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད། འཇམ་དབྱངས་དགེ་ལེགས་ཀྱིས་ལོ་ཆུང་མང་པོས་ལག་རྩལ་འདི་སྦྱོང་འདོད་ཡོད་ཀྱང་ད་ལྟར་དཔལ་འབྱོར་གྱི་ཡོང་འབབ་ཆེན་པོ་མེད་པའི་ཐོག་བཟོ་ཁང་དུ་མི་མང་པོ་ཡང་ཤོང་གི་མེད། བཟོ་ཁང་གི་རྒྱ་ཁྱོན་ཇེ་ཆེར་གཏོང་འཆར་ཡོད་པ་དང་། རྫ་སྣོད་ཉོ་མཁན་མང་པོ་ཡོད་ན་སློབ་མ་མང་པོ་བསྡུ་ཆོག་པས་ཡུལ་མི་མང་པོར་སྐུལ་ཁྲིད་བྱས་ཏེ་ཕྱུག་འགྱུར་བྱ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད། 

 རྫ་ནག་བཟོ་ཁང་གི་བདག་པོ་འཇམ་དབྱངས་དགེ་ལེགས།

 རྫ་ནག་གིས་བཟོས་པའི་ཐོན་རྫས་གཙོ་བོ་ནི་བོད་མིའི་འཚོ་བའི་སྤྱོད་ཆས་རེད།
 བཀྲ་ཤིས་དཔའ་མོའི་བལ་ཁུ་བསླས་འཐག་ལག་རྩལ།
 ཐགས་འཐག་བཞིན་པའི་བོད་པའི་བུད་མེད།
        ང་ཚོའི་བཅར་འདྲི་བྱེད་ཡུལ་གཉིས་པ་ནི་བོད་ཀྱི་བལ་རྩིད་སླས་པའི་བཟོ་རྩལ་པ་བཀྲ་ཤིས་དཔའ་མོ་རེད། བཀྲ་ཤིས་དཔའ་མོ་ད་ལོར་ལོ༥༦ཡིན་ཞིང་མོ་རང་གི་ཨ་མ་ཚེ་དཔའ་མོ་ནི་ལོ༧༠སོན་པ་དང་སྨན་ཤོད་ས་ཆ་ཡོངས་སུ་སྲོལ་རྒྱུན་གྱི་ལག་རྩལ་བྱང་ཆུབ་པ་ཤེས་མཁན་མོ་གཅིག་པུ་ལས་མེད། བལ་རྩིད་བསླས་པ་ནི་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ཡིན་ཞིང་བུད་མེད་ཚོས་ར་ལུག་དང་ཟོག་གི་བལ་དང་ཁུ་ལུས་རྒྱུན་སྤྱོད་ཀྱི་གོས་དང་སྐེ་དཀྲིས་སོགས་བསླས་པ་རེད། ༢༠༠༣ལོར་རྫོང་གསར་ཁང་ཆེན་ལྔ་རིག་ནང་བསྟན་སློབ་གླིང་གིས་བསླས་འཐག་འཛིན་གྲྭ་བཙུགས་རྗེས་ཚེ་དཔའ་མོ་དགེ་རྒན་དུ་གདན་འདྲེན་ཞུས་ནས་ལག་རྩལ་འདི་རྒྱུད་འཛིན་བྱས་པ་རེད། ད་ལྟར་མོ་རང་ན་སོ་རྒས་པས་ལག་རྩལ་དེ་རང་གི་མནའ་མ་བཀྲ་ཤིས་དཔའ་མོ་ལ་བསླབས་པ་དང་བཀྲ་ཤིས་དཔའ་མོ་ནི་ས་གནས་དེ་གའི་བལ་རྩིད་བསླས་འཐག་དགེ་རྒན་ཁོ་ནར་གྱུར།
 ལོ༥༦སོན་པའི་བཀྲ་ཤིས་དཔའ་མོ་དང་ཁོས་བསླས་པའི་ཁུ་ལུའི་སྐེ་དཀྲིས། 

        བསླས་འཐག་ཁང་གི་ཟུར་ཞིག་ཏུ་ཤིང་སྒྲོམ་གྱི་སྟེང་དུ་སྐེ་དཀྲིས་དང་གདན་ཁ་ཤས་བཞག་འདུག་ཅིང་སྒེའུ་ཁུང་གི་འགྲམ་དུ་ཐགས་ཁྲི༦བཞག་འདུག བཀྲ་ཤིས་དཔའ་མོ་དང་བུད་མེད་གཞན་ཁ་ཤས་ཀྱིས་ཐགས་ འཐག་བཞིན་ཡོད། བཀྲ་ཤིས་དཔའ་མོས་ཟོག་གི་ཁུ་ལུ་འདིའི་ངོས་ལ་རྩིད་པས་བཀབ་ཡོད་ཅིང་རིང་ཞིང་ཁུག་མང་བས་ཇེམ་ཙེས་གཅོད་བདེ་མོ་མིན་ལ་ལག་པས་བསྡུ་དགོས་པ་རེད། ལོ་རེའི་དཔྱིད་དུས་སུ་ཟོག་གི་ཁུ་ལུ་དང་ལུག་བལ་བསྡུས་ཏེ་སྐུད་པར་བཀལ་རྗེས་ཚོས་བརྒྱབ་པ་དང་། དེ་ནས་རས་ཐགས་པ་བཅས་བརྒྱུད་རིམ་ཧྲིལ་པོར་བཀྲ་ཤིས་དཔའ་མོ་དང་བུད་མེད་ལག་རྩལ་པ་ཁ་ཤས་ཀྱིས་འགྲུབ་ཐུབ་པར་བྱ་དགོས། ལག་རྩལ་འདི་སྦྱོང་བར་ལོ་གསུམ་ནས་བཞིའི་བར་དགོས་ཤིང་ད་ལྟར་སྨན་ཤོད་དུ་ལག་རྩལ་ཆ་ཚང་ཤེས་མཁན་མི་བཞི་ལས་མེད། ཐོན་རྫས་ཉོ་མཁན་མང་པོ་མེད་ཅིང་ལག་རྩལ་སྦྱོང་མཁན་ཡང་མང་པོ་མེད་པས་ཡོང་འབབ་ཀྱང་མང་པོ་མི་འདུག ངའི་རེ་བ་ཆེ་ཤོས་ནི་བོད་ཀྱི་སྲོལ་རྒྱུན་ལག་རྩལ་འདི་རྒྱུད་འཛིན་བྱེད་ཐུབ་པ་དང་དེ་ལ་བརྟེན་ནས་འཚོ་བ་རོལ་ཐུབ་པ་དེ་ཡིན་ཞེས་བཤད་པ་རེད།

སྨན་ཤོད་བལ་ཁུ་བསླས་འཐག་བཟོ་ཁང་གི་ཟུར་ཞིག

 བཞག་ནང་ཉི་མའི་ཟངས་རྡུང་ལག་རྩལ།



ལྷ་སྐུ་རྡུང་བཞིན་པའི་བཞག་ནང་ཉི་མ། 

        ང་ཚོ་བཞག་ནང་ཉི་མའི་ཁྱིམ་དུ་སླེབས་ཤིང་དེ་ནི་སྨན་ཤོད་ཀྱི་ཟངས་རྡུང་འཛིན་གྲྭ་དང་འབག་བཟོ་འཛིན་གྲྭ་ཡོད་ས་ཡང་རེད། ལོ༢༠ལྷག་གི་སྔོན་དུ་བཞག་ནང་ཉི་མ་ནི་སྨན་ཤོད་ས་ཆའི་ཟངས་རྡུང་ལག་རྩལ་ཁྲོད་མཁན་གྱི་དགེ་རྒན་ཁོ་ན་ཡིན་ཞིང་། ༢༠༠༢ལོར་བཟོ་རིག་ཚན་ཁག་གིས་བཞག་ནང་ཉི་མ་གདན་འདྲེན་ཞུས་ནས་ཁྲིད་སྟོན་དགེ་རྒན་བྱེད་དུ་འཇུག་པར་མ་ཟད་ཟངས་རྡུང་འཛིན་གྲྭ་ཁོའི་ཁྱིམ་དུ་བཙུགས་པ་རེད། ད་ལྟ་ཁོང་གིས་ལག་རྩལ་ཡོངས་རྫོགས་དང་ལས་སྒོ་བྱ་བ་ཐམས་ཅད་བུ་ཟླ་བ་གྲགས་པར་རྒྱུད་འཛིན་བྱེད་དུ་བཅུག་པ་རེད།
བཞག་ནང་ཉི་མས་གནའ་བོའི་ལག་རྩལ་ཁོ་ནར་བརྟེན་ནས་རྡུང་བཟོ་བྱས་པའི་གསེར་སྐུ་སྤུས་ལེགས།

        ཟླ་བ་གྲགས་པ་ལོ་ཆུང་ཞིང་གསོན་ཤུགས་ལྡན་ལ་དཔའ་ཞིང་བརླིང་། ཁོ་རྒྱ་སྐད་ལ་བྱང་ཆུབ་པས་ང་ཚོར་ཟངས་རྡུང་ལག་རྩལ་སྐོར་ངོ་སྤྲོད་བྱས། ཁོས་ངེད་ཚང་གི་ཟངས་ལ་གསེར་ཆུ་སྦྱོར་བའི་ལག་རྩལ་ནི་བོད་གངས་ཅན་ན་སྐད་གྲགས་ཡོད་ཅིང་རྒྱུན་ཆད་ལ་ཉེ་བའི་གནའ་བོའི་བཟོ་རྩལ་ཞིག་ཀྱང་རེད། ཚོང་པ་མང་པོས་གནའ་ཟོག་ཏུ་བརྫུས་ནས་ཕྱི་རྒྱལ་དུ་བཙོང་གི་ཡོད་ཅེས་བཤད།

        ཟངས་སྐུ་བཟོ་རྩལ་པ་བཞག་ནང་ཉི་མ་དང་ཁོང་གི་བུ་ཟླ་བ་གྲགས་པ།

  ཚེ་འཕེལ་གྱི་ཐང་གའི་འབྲི་རྩལ།
        ཚེ་འཕེལ་ལོ༢༠ལོན་པའི་ཚེ་ཀརྨ་སྒར་བྲིས་ལུགས་ཀྱི་སྲོལ་འབྱེད་མཁན་དཔལ་སྤུངས་དགོན་གྱི་སྐྱེས་ཆེན་དམ་པ་ཐང་ལྷ་ཚེ་དབང་གི་དྲུང་ནས་ཐང་ག་འབྲི་ལུགས་སྦྱངས། ལོ་བདུན་གྱི་རྗེས་སུ་ཡོངས་འཛིན་དམ་པ་སྐུ་མྱ་ངན་ལས་འདས་པས་ཚེ་འཕེལ་གྱིས་སྨན་གསར་ལུགས་ཀྱི་ཐང་ག་འབྲི་ལུགས་སྦྱངས་པ་རེད། ད་ལྟ་ཚེ་འཕེལ་གྱིས་བྲིས་པའི་ཐང་ག་ལ་ཀརྨ་སྒར་བྲིས་དང་སྨན་གསར་འབྲི་ལུགས་གཉིས་ཀྱི་ལག་རྩལ་ཡོད་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གྲུབ་ཡོད། ཁོང་གི་ལྷ་བཟོའི་འབྲི་རྩལ་རྩེར་སོན་པས་པེ་ཅིན་དང་ཁྲེང་ཏུའུ་སོགས་ཀྱི་མི་མང་པོས་ཁོང་གདན་འདྲེན་ཞུས་ནས་སློབ་ཁྲིད་གནང་རོགས་ཞུས་ཀྱང་ཁོང་གིས་ཁས་ལེན་གནང་གི་མེད།
        ད་ལྟར་ཚེ་འཕེལ་ལོ༥༤སོན་ཞིང་བུ་དང་སློབ་མ་ཚོར་རི་མོ་འབྲི་སྟངས་ཁྲིད་པའི་དུས་ཚོད་ཅུང་མང་བ་ལས་ཁོང་རང་གིས་རི་མོ་འབྲི་བའི་དུས་ཚོད་དེ་ཙམ་མེད། ཁོང་གིས་སློབ་མ་ཚོས་རི་མོ་ཡག་པོ་འབྲི་དུས་ང་རང་སེམས་པ་ཧ་ཅང་དགའ་པོ་འདུག་ཅེས་བཤད་པ་རེད། རི་མོའི་འཛིན་གྲྭ་བཙུགས་ནས་ལོ༡༥སོང་བའི་རིང་ཁོང་གིས་སློབ་ཕྲུག༡༠༠ལྷག་གསོ་སྐྱོང་གནང་ཞིང་དེ་རྣམས་ཀྱིས་བོད་ལྗོངས་དང་མཚོ་སྔོན། པེ་ཅིན་སོགས་སུ་ལས་ལམ་གསར་སྐྲུན་བྱེད་བཞིན་ཡོད་ཅིང་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་དང་འཐོབ་བཞིན་ཡོད། 
 ཚེ་དབང་ཕུན་ཚོགས་ཀྱི་ཤིང་བརྐོས་ལག་རྩལ།
        ༢༠༠༣ལོ་ནས་ཤིང་རྐོས་འཛིན་གྲྭ་བཙུགས་རྗེས་ཚེ་དབང་ཕུན་ཚོགས་དང་ཁོང་གི་བུ་བདེ་ཆེན་དབང་རྒྱལ་གཉིས་ཀྱིས་ཤིང་བརྐོས་ལག་རྩལ་པ༩༠ལྷག་གསོ་སྐྱོང་བྱས་ཤིང་ལག་རྩལ་དེ་ལ་བརྟེན་ནས་འགའ་ཤས་ཀྱི་ཕྱིར་ལས་ཀ་སྒྲུབ་ས་ཕྱིན་པ་དང་འགའ་ཤས་ཀྱིས་རང་གི་ཤིང་བརྐོས་བཟོ་ཁང་བཙུགས་པ་རེད། སྨན་ཤོད་ཀྱི་ཤིང་བརྐོས་ལག་རྩལ་གྱི་བེད་སྤྱོད་བྱེད་རྒྱ་ཆེ་བ་སྟེ་ཁྱིམ་ཆས་དང་བཟོ་རྩལ་ཐོན་རྫས། བཟོ་སྐྲུན། ལྷ་སྐུ། མཆོད་བཤམས་སོགས་ལ་བེད་སྤྱོད་བྱེད་ཆོག དེའི་ཁྲོད་དུ་ཆེས་དཀའ་བ་ནི་ལྷ་སྐུ་རྐོ་བའི་ལག་རྩལ་དེ་རེད། བདེ་ཆེན་དབང་རྒྱལ་གྱིས་ང་རང་གིས་སློབ་ཆུང་ལོ་གཉིས་ལས་བཏོན་མ་མྱོང་། ཨ་ཕའི་འགྲམ་ནས་ལག་རྩལ་འདི་སྦྱངས་པ་ཡིན། ལྷ་སྐུ་རྐོ་བའི་ལག་རྩལ་ད་ལྟ་བྱང་ཆུབ་མེད་པས། ད་དུང་ལོ་བཅུ་ལྷག་སྦྱང་དགོས་ཀྱི་ཡོད་ཅེས་བཤད།

        བཟོ་རྩལ་ཐོན་རྫས་བཤམས་སྟོན་དང་སྤེལ་རེས་བྱེད་སྒོར་ཞུགས་དགོས་པའི་རྐྱེན་གྱིས་ལག་རྩལ་འཛིན་གྲྭའི་རྒྱུད་འཛིན་པ་ལོ་ཆུང་མང་པོ་ཁྲེང་ཏུའུ་དང་པེ་ཅིན་སོགས་གྲོང་ཁྱེར་ཆེན་པོ་ལ་སོང་མྱོང་བ་རེད། ཡིན་ན་ཡང་གྲོང་ཁྱེར་ཆེན་པོར་འདུ་འཛི་ཧ་ཅང་ཆེ་བས་སེམས་པ་དལ་ལྷོད་གེར་སྨན་ཤོད་དུ་འདུག་པ་དེ་བས་སྐྱིད་ཅིག་མི་འདུག་ཅེས་བདེ་ཆེན་དབང་རྒྱལ་དང་ཟླ་བ་གྲགས་པ་སོགས་ཀྱིས་དེ་ལྟར་བཤད་པ་རེད།

  《མི་རིགས》དུས་དེབ་ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1