མ་ཧཱ་གྷན་དྷིའི་གཏམ་རྒྱུད་ཐུང་ངུ་དྲུག

ཡ་མ་རྒྱལ་མཚན་གྱིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-14


   གྷན་དྷི་ཆུང་དུས་སུ་སྤྱང་གྲུང་འཛོམ་པོ་ཞིག་མིན་ལ། སློབ་ཆུང་ནས་དམའ་འབྲིང་བར་གྱི་སྦྱངས་འབྲས་ཀྱང་དེ་ཙམ་བཟང་རྒྱུ་མེད་མོད། འོན་ཀྱང་ཁོ་ནམ་ཡིན་རུང་ཁ་བཤད་དོན་ལ་གནས་ཤིང་ཁྲེལ་ཡོད་ངོ་ཚ་ལྡན་པའི་སློབ་བུ་ཞིག་ཡིན། ཉིན་ཞིག་ཁོ་ཚོའི་སློབ་གྲྭར་རྒྱུགས་རྟོག་པ་ཞིག་ཡོང་ནས་སློབ་མ་རྣམས་ཀྱི་དབྱིན་ཇིའི་སྦྱངས་འབྲས་ལེགས་མིན་སྐོར་གྱི་ཚོད་ལྟའི་རྒྱུགས་ཤིག་བླངས། རྒྱུགས་རྟོག་པས་སློབ་མ་རྣམས་ལ་དབྱིན་ཇིའི་ཐ་སྙད་ལྔ་ཉན་འབྲི་བྱེད་དུ་བཅུག གྷན་དྷིས་ཐ་སྙད་བཞི་ལས་བྲིས་མ་ཤེས། དེ་ཡང་ཇ་འགུ་ཞེས་པའི་ཐ་སྙད་དེ་འབྲི་ཀློག་མི་ཤེས་པར་མིག་བཙུམ་སྣ་གཉེར་ཏེ་བསམ་བློ་ཞིབ་མོ་གཏོང་བཞིན་པའི་སྐབས་དེར། ཏག་ཏག་དགེ་རྒན་ཁོའི་ཉེ་འགྲམ་དུ་ཐོན་སོང་། དགེ་རྒན་གྱིས་རྐང་མགོས་དལ་གྱིས་ཁོའི་རྐུབ་སྟེགས་ལ་ཐུག་ཙམ་བྱས་ཏེ། སློབ་གྲོགས་གཞན་གྱི་རྒྱུགས་ཤོག་ལ་ལྐོག་བལྟ་དགོས་པའི་ཟུར་བརྡ་ཙམ་བརྒྱབ་ཀྱང་། སློབ་གྲོགས་གྷན་དྷིས་སྔར་བཞིན་མགོ་བོ་བསྒུར་ཏེ་རང་གིས་བསམ་བློ་གཏོང་བ་ལས་གཞན་གྱི་ལན་ལ་མ་བལྟས་སོ།།

   དེ་ཡང་རྒྱུགས་སྐར་ཐོན་དུས་སློབ་བུ་གྷན་དྷིའི་ཐོབ་སྐར་བརྒྱད་ཅུ་ཡིན་པ་ཕུད་གཞན་སློབ་གྲོགས་ཡོངས་ཀྱི་ཐོབ་སྐར་བརྒྱ་ཐམ་པ་རེད། རྒྱུགས་རྟོག་པ་ཁོ་ཚོའི་སློབ་གྲྭ་ལས་ཕྱིར་སོང་ཚེ། དགེ་རྒན་གྱིས་གྷན་དྷི་བོས་ཏེ། གླེན་ཕྲུག རྒྱུགས་ལེན་ཐེངས་གཅིག་བརྐུས་པ་ཙམ་གྱིས་ཅིར་སྐྱོན། གལ་སྲིད་ཁྱོད་ཀྱིས་ཀྱང་སྐར་གྲངས་བརྒྱ་བླངས་ན། ངེད་ཅག་ཀུན་ལ་གཟེངས་བསྟོད་ཅིག་ཐོབ་ངེས་ཡིན། ཞེས་བཤད། འོན་ཀྱང་། སློབ་བུ་གྷན་དྷིས་རང་གིས་རྒྱུགས་ལན་མ་བཤུས་པ་དེ་ནི་ནམ་འགྲིག་འདུག་པར་སྙམ། དགེ་རྒན་གྱིས་ཁོ་ལ་རྒྱུགས་ལན་རྐུས་ཟེར་བ་དེས་ཁོ་རང་ཤིན་ཏུ་སུན་ཕྱུངས་པར་གྱུར་ཏོ།།
   ༢ ལྷམ་གྱི་གཏམ་རྒྱུད།
   ཉིན་ཞིག་མ་ཧཱ་གྷན་དྷི་མེ་འཁོར་དུ་འཛུལ་དུས་སེམས་ཆུང་མ་བྱས་སྟབས་ལྷམ་ཡ་གཅིག་ལྕགས་ལམ་གྱི་འགྲམ་དུ་ལྷུང་། ཡར་ལེན་གྲབས་བྱས་པ་ན་མེ་འཁོར་ཡང་ལྡིར་སྒྲ་དང་བཅས་མདུན་ཕྱོགས་སུ་རྒྱུ་མགོ་བརྩམས་པས་ཕྱིར་ལེན་མ་ཐུབ། ཉེ་འགྲམ་གྱི་མི་ཚོས་གྷན་དྷིར་ལྷམ་ཡ་གཅིག་ལས་མེད་པ་མཐོང་དུས་ཀུན་གྱིས་ཁོ་ལ་སེམས་ཁུར་བྱས། དུས་དེར་གྷན་དྷིས་གློ་བུར་དུ་ལྷམ་ཡ་གཅིག་དེའང་ཕུད་ནས་མེ་འཁོར་གྱི་ཕྱི་ཕྱོགས་སུ་གཡུགས། ཁོའི་ཉེ་འཁོར་ན་འདུག་པའི་མི་ཞིག་གིས་ཡ་མཚན་པའི་ངང་ནས་སྐུ་ཞབས་ལགས། ཁྱོད་ཀྱིས་ཅིའི་ཕྱིར་འདི་ལྟར་བྱེད་པ་ཡིན་ཞེས་དྲིས་ཚེ། གྷན་དྷི་ཅུང་ཟད་འཛུམ་ནས་སྙིང་རྗེ་ཡི་ཉམས་དང་ལྡན་པའི་སྒོ་ནས་འདི་ལྟར་བྱས་ན། འདིར་སླེབས་པའི་སྤྲང་པོས་ལྷམ་ཆ་གཅིག་རྙེད་ཐུབ་པས་ཡིན་ཞེས་ལན་བཏབ་བོ།།
   ༣ སེམས་ཀྱི་སློབ་གསོ།
   གྷན་དྷི་ལོ་བཅོ་ལྔའི་སྐབས། རང་གི་ཕུ་བོའི་གསེར་གདུབ་ལས་གསེར་ཕྲན་བུ་ཞིག་བརྐུས། སྤྱིར་ཁོས་ལས་འདི་ནག་ཉེས་ཤིག་ཡིན་པ་སེམས་གཏིང་ནས་དང་ལེན་བྱས་འདོད་ཡོད་མོད། ཨ་ཕ་དང་དངོས་སུ་ཐུག་ནས་ཉེས་པ་ངོས་ལེན་བྱེད་མ་ཕོད་པས། ནག་ཉེས་ལ་འགྱོད་གདུང་ཡོད་རབས་ཀྱི་འཕྲིན་ཡིག་ཅིག་བྲིས་ནས་ཨ་ཕའི་ཕྱག་ཏུ་ཕུལ། ཁོས་ཉལ་ཁང་དུ་ལྷུང་བའི་ཨ་ཕས་མནར་སྡིགས་བྱེད་ངེས་ཡིན་སྙམ་པ་ལས་ཨ་ཕའི་སེམས་ཕངས་ནས་བཤུམ་ཡོང་བ་ལར་ནས་མ་ཤེས། འོན་ཏེ་ཨ་ཕས་འཕྲིན་ཡིག་འདོན་གྱིན་འདོན་གྱིན་ཤུགས་ཀྱིས་བཤུམ་སྟེ་ཞལ་ངོ་སྤྱན་ཆུས་བརླན། མཐར་རང་གི་བུ་ལའང་མནར་སྡིགས་གང་ཡང་མ་བྱས་པར་བཟོད་སྒོམ་མཛད། སྐབས་དེར། གྷན་དྷི་ཡང་ཡིད་འགུལ་རབ་ཏུ་ཐེབས་ནས་ངུ་བར་བྱས། འདི་ནི་གྷན་དྷིའི་མི་ཚེ་ཁྲོད་ཆེས་ཐོག་མར་མྱོང་བའི་སེམས་ཀྱི་སློབ་གསོ་ཐེངས་གཅིག་སྟེ། ཁོས་ཨ་ཕས་རང་ལ་བཅོལ་བའི་ཡིད་ཆེས་དང་བརྩེ་བ་ནི་ནམ་ཡིན་རུང་གཤེ་སྡིགས་དང་བཅར་གདུང་ལས་འགོང་ཡོད་པར་བརྗོད། རྗེས་མར་ཁོང་གི་རང་རྣམ་དུའང་། འདི་ལྟ་བུའི་བརྩེ་བ་ལས་འཁྲུངས་པའི་སྤྱན་ཆབ་ཀྱིས་ངེས་སེམས་ཀྱི་མ་རུང་བ་ཡོད་ཚད་གདོད་ནས་གཙང་མར་བཀྲུས་ཤིང་། ངའི་ཉེས་སྤྱོད་ཀྱི་དྲི་ངན་ཐམས་ཅད་རྩད་འབྱིན་བྱས། དོན་དངོས་སུ་འདི་རིགས་ཀྱི་བརྩེ་བ་མྱོང་བའི་མི་དག་གིས་ད་གཟོད་དེའི་གཞལ་མེད་ཀྱི་རིན་ཐང་ཤེས་སྲིད་ཅེས་བྲིས་ཡོད་པ་རེད།

   ༤ མྱུར་འགྲོས་མེ་འཁོར་ལས་ཕྱིར་ཕུད་པ།

   གྷན་དྷི་དབྱིན་ཇི་སློབ་གྲྭ་ལས་སློབ་ཐོན་བྱུང་རྗེས་ནན་ཧྥེ་རྒྱལ་ཁབ་ཏུ་སོང་ནས་ཁྲིམས་གཅོད་པའི་ལས་འགན་བཞེས། ཐེངས་ཤིག་ལ་སྤྱི་དོན་གྱི་ཆེད་དུ་ཡུལ་ཐག་རིང་ཞིག་ཏུ་འགྲོ་དགོས་བྱུང་བས། ཁོ་ལ་མྱུར་འགྲོས་མེ་འཁོར་གྱི་འཛིན་བྱང་ཞིག་ལག་སོན་བྱུང་། གྷན་དྷིས་ཨང་སྒམ་དྲུད་དེ་འབབ་ཚིགས་སུ་སོང་ནས་མེ་འཁོར་དུ་འདུག་གྲབས་བྱེད་ཀྱིན་པའི་སྐབས་དེར། མི་དཀར་གྱི་ལས་ཀ་བ་ཞིག་གིས་གྷན་དྷི་རིགས་འདྲེས་མི་སྣ་ཤིག་ཡིན་པར་བལྟས་ཏེ་ཁོའི་ཨང་སྒམ་ཕྱིར་འབབ་སྟེགས་སུ་གཡུགས། དུས་དེར་ཁོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་ནན་ཧྥེ་རྒྱལ་ཁབ་ན་རིགས་རུས་མཐོ་དམན་དགར་བ་ཤིན་ཏུ་ཚབས་ཆེ་སྟེ། རིགས་འདྲེས་པའི་གང་ཟག་རྣམས་ཐ་ན་མྱུར་འགྲོས་མེ་འཁོར་དུའང་འདུག་དབང་མེད་པར་སྙམ། ཉིན་དེའི་མཚན་མོར། གྷན་དྷི་འབབ་ཚིགས་སུ་གྲང་ངར་གྱིས་མནར་ཏེ་ལུས་སོ།། ལར་མི་སོ་སོའི་ཐོབ་ཐང་འདྲ་མཉམ་ཡིན་དགོས་མོད། གཞན་གྱིས་རང་ལ་ཆུང་ལྟ་བྱེད་པ་འདིའི་རྒྱུ་མཚན་གང་ཡིན་སྙམ། དེ་ནས་ནན་ཧྥེ་རྒྱལ་ཁབ་ཀྱི་སྲིད་འཛིན་སྡེ་ཁག་སོ་སོ་རུ་སོང་ནས་གཏུག་བཤེར་བྱས་པས་ཁོ་ལ་ཀུན་གྱིས་རམ་འདེགས་དང་རྒྱབ་སྐྱོར་བླ་མེད་བྱས། མཐར་གནས་ཚུལ་འདི་ལས་རྒྱལ་ཁའི་བ་དན་དཀར་པོ་ཡང་ཁོ་ལ་ཕུལ།།
   ༥ མི་རེ་བ་ཅན།
   གྷན་དྷི་ཆུང་དུས་རྒྱུན་པར་ལྐོག་ནས་ལས་ཙག་ཙིག་རེ་བྱས་པ་སྟེ། དཔེར་ན། ལྐོག་ནས་ཐ་མ་འཐེན་པ་དང་། ཕ་མའི་སྒོར་མོ་བརྐུས་ཏེ་ཟ་ཁང་དུ་སོང་ནས་ལུག་ཤ་ལྐོག་ཟ་བྱེད་པ་ལྟ་བུ་སོགས་མང་། ཐེངས་ཤིག་ཁོས་ཕུ་བོ་ལ་སྒོར་མོ་གཡར་ནས་ཕྱིར་ཟ་མ་ནོམ་པོ་ཞིག་བཟའ་འགྲོ་དགོས་བསམ། སྒོར་མོ་མང་ཙམ་བརྗེ་ཕྱིར་ཕུ་བོ་གསེར་གདུབ་ལས་གསེར་ཡང་ཉུང་ཙམ་བརྐུས། ཁོའི་ཨ་ཕས་དོན་འདི་ཤེས་རྗེས་སེམས་པ་ཆེས་ཆེར་ཕམ་པ་མ་ཟད། ཉིན་དཀར་ལས་ཀའི་ཁུར་རབ་ཏུ་ལྕི་བས་མཐར་ནད་ཀྱིས་ཟིན། ཉལ་ཁང་དུ་ལྷུང་བའི་ཨ་ཕས་ཉིན་རྒྱུན་གྷན་དྷིས་ནག་ཉེས་འདི་དང་ལེན་བྱེད་པར་རེ་སྒུག་བྱས། འོན་ཀྱང་གྷན་དྷིས་ནམ་ཡིན་རུང་ནག་ཉེས་གསང་བ་བྱས་ནས་ཁས་མ་བླང་། ཁོས་ནག་ཉེས་རྣམས་ཤོག་ངོས་སུ་བྲིས་ཏེ་ཨ་ཕས་བཀའ་དང་ལེན་བྱེད་དགོས་སྙམ་མོད། འོན་ཏེ་རྒྱུན་པར་ཕྱིར་འགྱངས་བྱས་ཏེ་ལུས་འགྲོ། ཨ་ཕའི་ནད་གཞི་ཇེ་ལྗིད་དུ་སོང་ནས་འཇིག་རྟེན་དང་ཁ་བྲལ་ལ་ཉེ་དུས། ཡིག་ཤོག་ཅིག་རང་གི་བུ་ལ་སྟེར་བའི་དོན་འདི་ལྟར། རྒྱུད་དྲང་ཞིང་རང་ཁ་རང་གིས་གསོས་པའི་མི་ལ་ད་གཟོད་རེ་བ་ཡོད་ངེས་པ་རེད་ཅེས་བྲིས་ཡོད། ཡིག་འབྲུ་འདི་དག་བལྟས་རྗེས། གྷན་དྷི་ཡིད་སེམས་གཏིང་ནས་སྐྱོ་སྟེ་མིག་ཆུ་བར་མེད་དུ་བཞུར། ཁོས་སེམས་ཀྱི་གཏིང་རིམ་ནས་འགྱོད་གདུང་སྐྱེས་ཏེ། ཨ་ཕ་ལགས། ད་ནས་བཟུང་ངས་ཇི་སྲིད་འཚོ་བའི་བར་དུ་ཁྱེད་ཀྱི་སེམས་ཕངས་པའི་ལས་མི་བྱེད་དོ་ཞེས་དམ་བཅས།
   ༦ སྐུད་ལྭའི་གཏམ་རྒྱུད།
   གྲང་ངར་ཤིན་ཏུ་ཆེ་བའི་དགུན་ཁའི་ཉིན་མོ་ཞིག་ལ། གྷན་དྷིའི་ཆུང་མས་ཁོང་གི་ལྭ་བ་ཤིན་ཏུ་སྲབ་བར་མཐོང་ནས་ཉམས་ཕྲ་བའི་ངག་གིས། གནམ་གཤིས་འདི་འདྲའི་གྲང་ངར་ཆེ་ན། ཁྱོད་ཀྱིས་སྐུད་ལྭ་ཞིག་མི་གོན་ཏེ་ཅི་ཡིན་ཞེས་དྲིས། གྷན་དྷིས་ཅུང་འཛུམ་མདངས་དང་བཅས་ང་ལ་སྐུད་ལྭ་མེད། སྒོར་མོ་ཡང་མེད་ཅེས་ལན་བཏབ། ཆུང་མས་དེ་ལྟར་བཤད་པ་ཅུང་རྣར་མ་སོང་སྟབས། འོ་ན་ངས་ཁྱོད་ལ་འཁེལ་བའི་སྐུད་ལྭ་དེ་གང་ན་ཡོད། ཁྱོད་ཀྱི་སྒོར་མོས་ཅི་བྱས་པ་ཡིན་ཞེས་སླར་ཡང་དྲིས་དུས། གྷན་དྷི་ཅུང་སྐྱེངས་པའི་ཚུལ་གྱིས། དེ་རིང་སྔ་མོར་ལམ་འགྲམ་དུ་རྒད་པོ་ཞིག་གིས་སློང་མོ་བྱེད་ཀྱིན་འདུག་པས། སྐུད་ལྭ་ཁོ་ལ་སྦྱིན་ཅིང་སྒོར་མོས་ཀྱང་ཟ་མ་ཉོས་ཏེ་དེར་སྟེར་བ་ཡིན་ཟེར། ཆུང་མས་ཅུང་མ་དགའ་བའི་རྣམ་འགྱུར་དང་བཅས་དེ་ལྟར་བྱས་པ་ཨེ་ཡིན། འོ་ན་ངས་ད་རུང་གཅིག་འཁེལ་ན་ཆོག་ཟེར་དུས། གྷན་དྷིས་གློ་བུར་དུ་ངེད་ཚང་ལ་མི་གཅིག་ལས་མེད་པ་མ་རེད། སྐུད་ལྭ་གཅིག་གིས་འདང་གིན་མ་རེད་ཅེས་བཤད། ཆུང་མས། དེས་ན་ཁྱོད་ལ་སྐུད་ལྭ་དུ་དགོས་པ་རེད་ཅེས་དྲིས་ཚེ། གྷན་དྷིས་ངེད་ཚང་ལ་ཕུ་ནུ་མིང་སྲིང་དུང་ཕྱུར་བཞི་ཡོད། ཐོག་མར་ཁོ་ཅག་ཀུན་ལ་སྐུད་ལྭ་གོན་རྒྱུ་རྙེད་ན། ངས་ད་གཟོད་གོན་ན་ཆོག ཁྱོད་ཀྱིས་སྐུད་ལྭ་མང་ཙམ་ཁོ་ཅག་ལ་སྟེར་ཐུབ་བམ་ཞེས་བཤད། ཆུང་མས་སྐད་ཆ་འདི་ཐོས་རྗེས་སེམས་པ་སྤྲོས་བས་བརྟས། ཕུ་ནུ་མིང་སྲིང་དུང་ཕྱུར་བཞི་ཟེར་བའི་དོན་འདི་ཧིན་དྷུ་རྒྱལ་ཁབ་ཡོངས་ཀྱི་ངལ་རྩོལ་མི་དམངས་ལ་སྦྱོར་ཡོད་པ་ཤེས་ཏེ། འོ་ཡ་ཡ། ལོས་ཆོག ངས་ནུས་པས་ཅི་ལྕོགས་ཀྱིས་འཁེལ་ཡོང་ངོ་ཞེས་ལན་བཏབ་བོ།།

བསྒྱུར་རྩོམ་དང་རྩོམ་རིག་དཔྱད་བརྗོད་བསྐུར་སའི་ཡིག་སྒྲོམ། 2799729719@qq.com


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1