མདའ་གཅིག་གིས་ཤྭ་ཕོ་གཉིས་བསད།

སྒྲོལ་མ་ཚེ་བརྟན། ﹝ཅོ་ནེ།﹞ རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-18


གངས་དཀར་རི་བོ།  ལིའུ་ཕིང་པོ་ཡིས་པར་བླངས།

   རྫོང་ཨུའི་ཧྲུའུ་ཅི་ཉི་མ་ཉིན་འདི་དག་སུན་སྣང་ཞིག་གི་ངང་ལུས་འདུག

   ནོར་སྲིད་ཅུས་ཅུས་ཀྲང་སྐལ་ལྡན་གྱིས་ལས་འཁྱུར་ངལ་གསོ་བྱས་ཟིན་ལ་ཤ་ཡོད་སར་འབུ་འཁོར་བའི་རང་བཞིན་གྱིས་སྐལ་ལྡན་གྱི་གོ་གནས་དེ་ལ་མི་ཚང་མས་རེ་བ་དང་ཧམ་སེམས་ཟུང་འབྲེལ་གྱིས་མི་གཞན་པ་བརྒྱུད་པ་དང་རང་ཉིད་དངོས་སུ་འགྲོ་བ། གང་ལྟར་ཆང་དང་ཐ་མག་ལ་སོགས་གོང་ཆེན་ཉོ་བ། ཡིག་ཐུམ་དུ་སྒོར་མོ་བཅུག་ནས་ཡོང་བ་སོགས་ཉིན་འདི་དག་ལ་ཉི་མ་ཚང་ལ་ཡོང་བའི་མགྲོན་པོ་རྒྱུན་ཆད་མེད། གནས་ལུགས་ཡོད་མེད་གང་ཡིན་རུང་ཁ་གཡར་ས་རེ་བཙལ་ནས་ཁ་ཡག་པོ་དང་ངོ་འཛུམ་གྱིས་ལག་སྐྱེས་འབུལ་བཞིན་ཡོད།
   འེ། དེང་སྐབས་ཀྱི་ལས་བྱེད་པ་འདི་ཚོའི་སེམས་ལ་ཅི་ཞིག་དྲན་བཞིན་ཡོད་པ་ཧ་མི་གོ་བ་མི་འདུག ཉི་མ་ཁོང་གཞུང་ལས་ཁང་དང་ཁྱིམ་སོགས་ནས་འདུག་མ་ཐུབ་པར་ད་ལྟ། སྲིད་གཞུང་གི་སྣེ་ལེན་མགྲོན་ཁང་དུ་ཁང་བ་ཞིག་གླས་ཏེ་མུ་འབྲེལ་གློག་བརྙན་ཞིག་ལ་བལྟས་ཏེ་ཉི་མ་འཁྱོལ་ཐབས་ངང་ལུས་འདུག
   གློག་བརྙན་ལ་ལྟ་བཞིན་ལྟ་བཞིན་གློ་བུར་དུ་ཉི་མའི་མིག་ཟུང་ཇེ་ཆེ་དང་ངོ་ལ་འཛུམ་མདངས་ཤིག་ཐོན།
   ཚོགས་ཐོག་ཏུ། ཉི་མས་བཤད་རྒྱུར། སྐལ་ལྡན་གྱི་གོ་གནས་དེ་སུས་ཀྱང་ཐག་གཅོད་མི་ཐུབ། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྟ་རྡོའི་ཤ་ཉེ་ཞིག་ང་ཚོའི་སར་ལས་གནས་སྤར་ནས་ཡོང་རྒྱུ་དང་ཁོའི་ལས་གནས་དེ་རྟ་རྡོས་དངོས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་ལ་སྐལ་ལྡན་གྱིས་ལས་འཁྱུར་ངལ་གསོ་བྱས་ཡོད་པའང་ཁོས་ཤེས་ཡོད་ཅེས་བཤད། ཉི་མས་བཤད་མ་ཚར་གོང་སྐད་མགོ་ཅུང་དམའ་མོས་རྟ་རྡོའི་བཀོད་སྒྲིག་ལ་སུས་ཕོག་ཐུག་གཏོང་ཐུབ་ངས་གཅིག་ལྟ་ཟེར།
   ཚང་མས་རྟ་རྡོ་དང་ཁོའི་ཤ་ཉེ་གཉིས་ཀྱི་འབྲེལ་བ་དེ་འདྲ་མི་ལེགས་པ་ཤེས་ཡོད་མོད་འོན་ཀྱང་ད་ཐེངས་མི་ལ་ལས་ཁོ་གཉིས་འབྲེལ་བ་ཇི་འདྲ་མི་བཟང་མོད། རུས་པ་ཆགས་སོང་རུང་རྩ་བརྒྱུས་ཡིས་སྦྲེལ་ཡོད་པ་སོགས་……
   ཉིན་འགའི་རྗེས་སུ་རྫོང་ཨུ་ནས་བརྡ་སྦྱོར་འབྱོར་ལ། རྟ་རྡོའི་ཤ་ཉེ་ཡིས་ནོར་སྲིད་ཅུས་ཅུས་ཀྲང་གི་འགན་འཁུར་ཡོད་པ་ཐག་གིས་བཅད་ཟིན།
   ཐེངས་ཤིག ཉི་མ་ཆང་གིས་བཟི་ཡོད་ལ་མི་འགས་ཁོ་དང་མཉམ་དུ་ཁ་བརྡ་བྱས། ནོར་སྲིད་ཅུས་ཀྱི་ཅུས་ཀྲང་དེ་དོན་ངོ་མ་ཧྲུའུ་ཅི་རྟ་རྡོའི་བཀའ་ཡིན་ནམ། ཉི་མས་གསལ་ལ་མི་གསལ་བའི་སྒོ་ནས། ཕཱེ། མི་འདི་འདྲ་མང་པོ་ཞིག་གོ་སྐབས་འདིའི་ཆེད་ལ་ཉིན་མཚན་དུས་དྲུག་ཏུ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས། རྒྱུ་ཤུགས་དང་མི་ཤུགས་སོགས་ཇི་འདྲ་མང་པོ་ཞིག་མ་བཏང་ངམ། གཞན་པའི་ལག་སྐྱེས་སྒོར་མོ་དང་དངོས་པོ་སོགས་བླངས་ཟིན་ལ། ཁ་ངོ་ཡང་སྦྱིན་ཟིན། འོན་ཀྱང་ཚང་མའི་དམིགས་ཡུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་རེད། ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ལ་གོ་གནས་གཅིག་མ་གཏོགས་མེད་པས་སུ་ཞིག་ལའང་ཕོག་ཐུག་བཏང་ན་མི་འགྲིག དེ་བས་ཧྲུའུ་ཅི་རྟ་རྡོའི་ཤ་ཉེ་ལ་སྦྱིན་ན་སུས་ཀྱང་ཁ་གྲག་མི་ཐུབ་ལ། ཧྲུའུ་ཅི་ཡང་དགའ་བ་མ་ཟད་རྗེས་ཕྱོགས་ཐུགས་ཀྱི་ལྟ་སྐྱོང་ཡང་ཡོད་པས་མདའ་གཅིག་གིས་ཤྭ་ཕོ་གཉིས་གསོད་མ་རེད་དམ། འོན་ཀྱང་འདྲེ་ཕྲུག་དེ་ལ་ཁེ་ཕན་ཆེན་པོ་ཞིག་ཐོབ་སོང་། མགོ་བོ་ཕྱིར་དགྱེ་ནས་ཅུང་ཙམ་བསྡད་རྗེས་འདྲེ་ཕྲུག་དེ་ཡང་ཅུང་ཡ་རབས་ཤིག་རེད། ད་ལོའི་ལོ་སར་སྐབས་ངེད་ཚང་ལ་ཆེད་དུ་ལོ་སར་གྱི་ལག་སྐྱེས་བསྐྱལ་ནས་ཡོང་ཐལ་ཞེས་བཤད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1