༄༅། །ཀརྨ་སྒར་བྲིས་བྱུང་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-18


     ཁམས་ཕྱོགས་སུ་དར་ཁྱབ་ཆེ་བའི་ཀརྨ་སྒར་བྲིས་ཞེས་གྲགས་པའི་བྲིས་རྒྱུན་ནི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་དུས་སུ་གསར་གཏོད་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་དེ་ལྟར་བརྗོད། ཀརྨ་སྒར་བྲིས་ལ་རྙིང་པ་དང་། གསར་པ། རྗེ་བཅུ་པའི་ལུགས་བཅས་གསུམ་འདུག་པ་ལ་དང་པོ་ནི་དུས་རབས་བཅོ་ལྔ་པའི་ནང་དུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་ཐོག་མར་ཨེ་ནས་དཀོན་མཆོག་ཕན་བདེ་ལས་ལྷ་བྲིས་བསླབས་རྗེས་སྨན་ལུགས་གཞིར་བཞག་ཐོག་རྒྱ་ནག་གི་ཞིབ་བྲིས་ཀྱི་རྒྱུན་ལ་དཔེ་མཛད། སྲོག་ཆགས་དང་ཡུལ་སྣང་ཐམས་ཅད་ཕལ་ཆེར་རྒྱ་ནག་གི་ལུགས་སུ་བྱས་པའི་སྒར་ལུགས་ཞེས་པའི་སྲོལ་ཐོག་མར་གཏོད། དེ་ནས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དུས་སུ་རྗེ་རང་ཉིད་ཀྱི་གཟུགས་བཟོ་འཕྲིན་ལས་སྤེལ་བའི་སྤྲུལ་པར་ལུང་བསྟན་པའི་ཆོས་བཀྲ་ཤིས་དང་། ནང་སོ་ཀརྨ་སྲིད་བྲལ་སོགས་ཀྱི་བྲིས་འབུར་གཉིས་ཀ་སྤེལ། རྗེ་བརྒྱད་པ་རང་ཉིད་ཀྱིས་ཀྱང་ཐིག་ཡིག་ཉི་མ་ཆེན་མོའི་མེ་ལོང་ཞེས་པ་དེ་བརྩམས། དེ་རྗེས་ཀར་ཤོད་ཀརྨ་བཀྲ་ཤིས་ཞེས་རི་མོ་ཡི་ལམ་སྲོལ་ལ་མཚུངས་པ་མེད་པ་དེ་དང་བཅས་གོང་གི་བཀྲ་ཤིས་རྣམ་གསུམ་གྱི་སྒར་ལུགས་ཀྱི་སྲོལ་རྒྱ་ཆེར་སྤེལ། ཕྱིས་སུ་ཀརྨ་རིན་ཆེན་སོགས་འགྲན་ཟླ་དང་བྲལ་པའི་ལྷ་བཟོ་དུ་མས་གོང་ནས་གོང་དུ་སྤེལ་བ་ལས་བྱུང་བའི་རྒྱུན་དེ་ལ་སྒར་ལུགས་རྙིང་པ་ཞེས་བརྗོད་ལ། ཕྱིས་སི་ཏུ་ཆོས་འབྱུང་གིས་གསར་གཏོད་མཛད་པ་དེ་ལ་དུས་སྔ་ཕྱིའི་དབང་གིས་སྒར་ལུགས་གསར་མ་ཞེས་གྲགས་ཚུལ་འོག་གི་ཆོས་འབྱུང་གི་རྣམ་ཐར་ལས་འཆད་འགྱུར་ལྟར་རོ། །
     བྲིས་འབུར་ཐམས་ཅད་གྱི་བཟོ་ལ་ཁྱད་དུ་འཕགས་པ་ནི་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་གྲགས། ཁོང་སྨན་ལུགས་པ་ལྷོ་བྲག་ཆུ་ཁྱེར་སྤྲུལ་སྐུ་ཚེ་རིང་ལས་རི་མོ་གསན་ཏེ་སྐུ་ཚེ་སྟོད་དུ་སྨན་ལུགས་མཛད། དེ་ནས་རྒྱ་དཀར་ནག་གི་རི་མོ་ལ་དཔེ་གཟིགས་མཛད་དེ་ཡུལ་སྣང་དང་མེ་ཏོག་དང་རྩི་ཤིང་ཁང་བཟང་ནགས་ཚལ་རི་ཆུ་ལ་སོགས་པར་དཔེ་བླངས་པ་དང་། བོད་ཡུལ་སི་ཐང་ལ་ཆེ་སྔ་བའི་ཀླུ་མེས་ཐུགས་དམ་གྱི་རྟེན་དུ་གྲགས་པའི་ཡེར་པའི་རྭ་བ་མ་ཞེས་པའི་གནས་བཅུའི་ཐང་ཀ་དང་གོས་ཆེན་སེ་ཧུའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ། སྣར་ཐང་ཆིམས་ནམ་མཁའ་གྲགས་ཀྱི་འཕགས་པའི་གནས་བརྟན་བཅུ་དྲུག་གདུགས་ཚོད་དུ་སྤྱན་དྲངས་པའི་ལུགས་ཀྱི་གནས་བཅུའི་བྲིས་ཐང་བཅས་ལ་དཔེ་བླངས་ནས་ཐང་སྐུ་ཁྱད་པར་ཅན་མང་དུ་བྲིས། རྐྱེན་དབང་གིས་འཇང་ཡུལ་དུ་ཡུན་བཞུགས་མཛད་རིང་རྒྱ་བྲིས་ཐང་ཀ་ཞེས་པའི་རི་མོ་སྲོལ་གཏོད་དེ་སྐུ་ཚེ་སྨད་དུ་རྒྱ་ནག་གི་ལུགས་ཀྱི་རི་མོ་དང་། ཁ་ཆེའི་ལུགས་ཀྱི་འབུར་སྐུ་ལི་དང་ཤེལ་སོགས་རིན་པོ་ཆེའི་རིགས་ལས་ལུགས་སུ་བླུག་པ་དང་། འཚེམ་དྲུབ་ཀྱི་སི་ཐང་བཞེངས་པ་སོགས་བཟོ་སྤྱོད་རྒྱ་ཆེ་བླ་ན་མེད་པ་མཛད་དེ། བར་སྐབས་ཤིག་ཏུ་རྒྱལ་རོང་ཚ་ཁོ་རྒྱལ་པོས་ཤར་རྒྱལ་མོ་རོང་དུ་གདན་དྲངས་སྐབས་རྗེ་ཉིད་ནས་རི་མོ་དང་སྙན་ངག་འབྲི་བ་ལ་ད་ལྟར་བོད་ཡུལ་ན་ང་ལས་ལྷག་པ་མེད། ཁོ་བོ་ནི་སྤྱན་རས་གཟིགས་དགྱེས་པའི་མི་ཞིག་སྟེ་གླིང་འདིར་རི་མོ་འབྲི་བར་འོང་བ་ཡིན་ཞེས་གསུངས་པ་དེ་དོན་ལ་གནས་པས། ཕྱིས་སུ་བཟོ་རིག་སྨྲ་བའི་དབང་པོ་ཐང་བླ་ཚེ་དབང་གིས་ཀྱང་ཕྲན་ནས་རྗེ་བཅུ་པའི་ཕྱག་བཟོའི་ཉེ་སྲས་བརྒྱད། སངས་རྒྱས་སྐྱེ་རབས། མཛད་བཅུ། གནས་བརྟན་བཅུ་དྲུག་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྲིས་འབུར་ལུགས་གསུམ་གྱི་སྐུ་མང་པོ་མཇལ་བས། འབུར་སྐུ་ཐམས་ཅད་ནི་ཁ་ཆེའི་ལུགས་ལས་གྲུབ་ཅིང་ཚུགས་མཛེས་པ། རི་མོ་ནི་རྒྱ་ནག་གི་རི་མོ་དང་ཉེ་ཞིང་སྲོག་ཆགས་རི་དྭགས་དང་བྱ་སོགས་དངོས་སུ་འཁྲུལ་པ་སྐྱེས་ནུས་པ་ལྟ་བུ་འདུག་ཅེས་གསུངས་སོ། །
    རྗེ་འདི་ཉིད་བཟོ་རྩལ་ཕུལ་དུ་བྱུང་བ་ཙམ་དུ་མ་ཟད་ཁོང་ཡབ་སྲས་ཀྱིས་《ཐིག་ཡིག་རྣམ་འགྲེལ་ཉི་མའི་འོད་ཟེར་》ཞེས་པ་དེའང་རྩོམ་གནང་མཛད། འཇང་ཡུལ་དུ་བྱོན་ཏེ་འཇང་དགོན་ཁག་བཅུ་གསུམ་བཏབ་ནས་རྟེན་གསུམ་མཐའ་ཡས་པ་བཞེངས་པ་སོགས་བཟོ་སྤྱོད་ཀྱི་མཛད་པ་རྒྱ་ཆེན་པོས་གངས་ཅན་བཟོ་རིག་པའི་བང་མཛོད་རྒྱས་པར་བྱས་པ་མ་ཟད་མི་རིགས་གཞན་དག་ལའང་སྨན་པར་གྱུར་ཏོ། །
    ཀརྨ་པ་སྐུ་ཕྲེང་རིམ་བྱོན་ལས་ལྷ་བཟོ་མཁས་པ་མང་པོ་བྱོན་མྱོང་བ། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་སོགས་ཀྱང་བྲིས་འབུར་གཉིས་ཀར་མཁས་པས་ཤར་ཀཾ་པོ་གངས་རིའི་རྟེན་བཞེངས་པ་ཕལ་ཆེ་ཁོང་གི་ཕྱག་བསྟར་དང་ཞལ་བཀོད་མཛད་ཚུལ་སོགས་མང་ཡང་འདིར་བརྗོད་བྱ་གཙོ་བོ་ནི་སྒར་ལུགས་ཀྱི་བྱུང་ཚུལ་ཡིན་པས་གཞན་རྣམས་མང་དུ་མ་སྨྲས་སོ། །
     སྒར་ལུགས་ཀྱི་སྲོལ་ཐོག་མར་གཏོད་པའི་དུས་ལ་བཞེད་ཚུལ་མི་འདྲ་བ་ཅུང་སྣང་ཡང་། འདིའི་ཁུངས་གཙོ་བོ་ཐང་བླ་ཚེ་དབང་གི་བོད་ཀྱི་རི་མོ་བྱུང་ཚུལ་ཅུང་ཟད་གླེང་བ་ཞེས་པའི་ཕྱག་རྩོམ་ལ་གཞིར་བཞག་ནས་བྲིས་པ་ལགས་ཏེ། རྒྱུ་མཚན་ནི། བླ་མ་འདི་སྤྱིར་བོད་ཀྱི་བཟོ་རིག་དང་བཅས་པའི་རིག་གནས་སྤྱི་ལ་ཐོས་པ་རྒྱ་ཆེ་ཞིང་། ཁྱད་པར་དུ་བཀའ་བརྒྱུད་ཀྱི་རིང་ལུགས་དྲི་མ་མེད་པ་འཛིན་པའི་མཁན་པོ་ཞིག་སྟེ། ཀར་ཕྱོགས་ལ་ཐུགས་རྒྱུས་ལྷག་པར་མངའ་བའི་ཕྱིར་ཁུངས་ཆེ་བར་སྙམ་པས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1