བཀའ་པོད་ལྔའི་ངོ་མཚར་གླེང་བ་ ཞོགས་ཆར་བདུད་རྩིའི་ཐིགས་པ།

ཚོགས་སྤྲུལ་འཕྲིན་ལས་དོན་འགྲུབ།(དཀར་མཛེས།) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


བཞིན་ལེགས་མཛེས་སྡུག་མཚན་དཔེའི་གཟི་བྱིན་ལས།།

རིག་སྟོང་འདོད་འཇོའི་མྱོས་བུམ་ཆེར་རྒྱས་ཤིང་།།
སྲིད་ཞིའི་དབྱངས་སྙན་བག་ཡངས་ལྷུར་ལེན་ལྷས།།
བརྩེ་གཟིགས་ངག་གི་རོལ་མོའི་སྙན་པ་སྩོལ།།
ཕྱོགས་གླང་ཆོས་གྲགས་རྣམ་དཔྱོད་ཉི་ཟླའི་རླབས།།
ཕྱོགས་སུ་འཁྱུག་པའི་མདོ་དང་སྡེ་བདུན་གཞུང་།།
རིགས་ལམ་སྣང་བརྒྱ་བཞད་པའི་འཕྲུལ་འཁོར་ཆེ།།
མངོན་ལྐོག་རྨོངས་རྡུལ་འཐག་པའི་གཉེན་དུ་རྒྱུ།།
བྱམས་མགོན་ཐུགས་གསང་ཟབ་རྒྱས་བདུད་རྩི་ལས།།
བཅུས་པའི་སྙིང་ནོར་མཁྱེན་གསུམ་སྦྱོར་བཞིའི་སྒོམ།
གབ་འབྱིན་འདོད་འཇོའི་ཡན་ལག་ཡོངས་རྫོགས་པ།།
རྒྱ་ཆེན་ཉམས་བཞེས་བློ་ཡི་རྩེ་མོར་ཕབ།།
འཕགས་པ་ཀླུ་དང་ཟླ་བའི་ཞབས་ཟུང་གིས།།
ཆོས་རྣམས་གནས་ལུགས་རིགས་པའི་དཔྱད་ལམ་ན།།
སྟོང་དང་རྟེན་འབྱུང་འགལ་མེད་གྲོགས་འཆར་བས།།
མཐའ་གཉིས་རྒྱ་གྲོལ་དབུ་མའི་ལྟ་གྲུབ་ཕྱེས།།
ཕུང་ཁམས་ལ་སོགས་གཞི་ལྔའི་ཤེས་བྱའི་ནོར།།
ཡང་ཡང་མངོན་པར་ཐང་མར་བརྡལ་བ་ན།།
ཕྱོགས་ནས་འདུ་བའི་སྐལ་ལྡན་བློ་གསལ་ཚོས།།
ཆོས་ཀུན་རིན་ཐང་གཞལ་བའི་བློ་གྲོས་རྒྱས།།
དུཿཁའི་རྒྱ་མཚོར་སྐྱོ་བའི་ངེས་འབྱུང་གིས།།
ཐར་ལམ་གྲུར་ཞུགས་ཚངས་སྤྱོད་དེད་དཔོན་སྡེས།།
ལུས་ངག་བག་ཡོད་ཁྲིམས་ལྡན་སྤྱོད་བཟང་གིས།།
རྒྱུ་འབྲས་སྤང་བླངས་གནད་ལ་ལྷུར་ལེན་མཛེས།།
ཐུན་མོང་སེམས་བསྐྱེད་ལྟ་བའི་མལ་སྟེང་ནས།།
བསྐྱེད་རྫོགས་ཐེག་མཆོག་གདམས་པའི་ཉམས་ལེན་གྱིས།།
སྣང་བཞི་དག་པའི་རྣལ་འབྱོར་གདེང་རྙེད་ན།།
ཟུང་འཇུག་བཛྲ་དྷཱ་རའི་གོ་འཕང་བརྙེས།།
ཐོག་མཐའ་བར་གསུམ་དགེ་བ་དམ་པའི་ཆོས།།
བསྒྲུབས་དང་བསྒྲུབ་ཚུལ་ཤེས་པས་དེ་ལྟ་མོད།།
མི་ཤེས་ལད་ཟློས་གཟུགས་ཀྱིས་ངལ་བ་ཡིས།།
གཉིས་མེད་མི་ཚེ་ཁད་ཀྱིས་ཟད་པར་ཕངས།།
དགེ་ལ་བརྩོན་པའི་གཟུགས་བརྙན་ཕལ་མོ་ཆེར།།
སྐྱབས་སེམས་བསྔོ་བའི་སྦྱོར་རྗེས་མ་ཚང་བས།།
མགོ་རྔ་ཆད་པའི་དགེ་སྦྱོར་དུམ་བུ་དག།
ཐེག་གསུམ་གྲུབ་བཞིར་གང་གཏོགས་བློ་རེ་དོགས།།
སྲིད་པའི་ཆོས་བརྒྱད་འཁྲུགས་པའི་གཡུལ་ས་ནས།།
ལས་ཉོན་མདའ་མཚོན་ཐེབས་པའི་སྡུག་བསྔལ་དག།
འབྱིན་བྱེད་ཞི་བསིལ་དམ་ཆོས་སྨན་གྱི་མཆོག།
བསྟེན་པའི་ཀུན་སྤྱོད་ཉན་སེམས་སྒོམ་ལ་རག།
རིག་པའི་ཤེས་ཡོན་ཆུ་ཐིགས་བསགས་པའི་ཁར།།
སྤྱོད་བཟང་གཞན་ཕན་སེམས་ཀྱི་ཞག་འཁྱིལ་བ།།
བཏུང་བ་མི་ཚེའི་འཚོ་ཐབས་བདུད་རྩི་ཞེས།།
ཡང་ཡང་ལྷ་མིའི་གསུང་ལས་བསྒྲགས་པ་ཐོས།།
བརྗོད་བྱ་དྲི་མེད་ནོར་བུའི་དཀྱིལ་འཁོར་ཆེ།།
རྗོད་བྱེད་བསྟར་ལེགས་མུ་ཏིག་ཚོམ་བུ་བཀྲ།།
ནང་ཆོས་རིན་ཆེན་མཎྜལ་བཤམས་པ་འདི།།
སྐལ་བཟང་བསོད་ནམས་མིག་གི་དགའ་སྟོན་ཉིད།།
རིས་མེད་རིག་གཞུང་རྫས་བརྒྱའི་བྲོ་བ་ཀུན།།
རྣམ་དཔྱོད་ལག་རྩལ་མཁས་པས་གཡོ་སྦྱོར་ཟས།།
བློ་གསལ་མགྲོན་པོའི་ཞལ་དུ་སྨིན་པ་ན།།
སྦྱང་འདོད་སྤྲོ་དགའི་མགྲིན་ལམ་ཡངས་པོར་གྱུར།།
ཐུབ་བསྟན་འོད་ཟེར་བརྒྱ་པའི་གུར་ཁྱིམ་ན།།
བཤད་སྒྲུབ་ལྷུར་ལེན་རིས་མེད་དམ་པ་རྣམས།།
སྐུ་ཚེ་ཡུན་འཚོ་ཐུགས་མཐུན་ཁྲིམས་གཙང་གིས།།
སྐྱེ་དགུར་སྨན་པའི་མཛད་བཟང་དར་རྒྱས་ཤོག།།
སྐུལ་ཚིག་བརྗིད་ལྡན་དབྱར་སྐྱེས་གླལ་བའི་སྒྲས།།
སྙན་ཚིགས་གཤིབས་པའི་སྒྲོ་གཤོག་གཟེངས་བྱས་ཀྱང་།
འཁྱུག་པའི་ལས་ལ་རྨོངས་རྡུལ་མ་བྲལ་བས།།
མཁས་པ་དགྱེས་པའི་གཟིགས་མོར་སོམ་ཉིས་འཁྱུད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1