བོད་ཀྱི་ལ་བཙས་ལ་དཔྱད་པ།

ངག་དབང་ཀུན་དགའ། (ཁྲེན་ཏུའུ།) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21



        རང་རེ་བོད་ཀྱི་ཡུལ་གྲུ་སོ་སོའི་རི་རྩེ་དང་ཉག་ག་སོགས་སུ་ལ་བཙས་ཞེས་རྡོའམ་ཤིང་གི་ཕུང་པོ་དུ་མ་མཐོང་དུ་ཡོད་པ་དག་ནི་བོད་མིས་མ་ཎི་ཡིག་དྲུག་འདོན་ཤེས་པ་ལྟར་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད། འོན་ཀྱང་མ་ཎི་ཡིག་དྲུག་གི་དོན་ཅི་ཡིན་པ་དང་ཡིག་འབྲུ་རེ་རེས་གང་མཚོན་པ། དེ་བཏོན་ན་ཕན་ཡོན་གང་ཡོད་པ་སོགས་ཇི་བཞིན་རྟོགས་མཁན་དཀོན་པོ་ཡིན་པ་ལྟར་ལ་བཙས་ཀྱི་བྱུང་འཕེལ་སྐོར་ལའང་བསམ་བློ་གཏོང་དགོས་པའི་ཆ་མང་པོ་མཆིས་སོ། །

        ཐོག་མ་ལ་བཙས་ཞེས་པ་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ།》ལས། 1.ལ་རྩེའི་བརྩེགས་ཐོ་དར་ལྕོག་ཅན། 2.ལ་ཡི་ཤ་ཁྲལ། ཞེས་པའི་འགྲེལ་བ་ཁག་གཉིས་པོ་ལ་བལྟས་ན་དངོས་པོའི་གྲུབ་གཟུགས་དང་བྱེད་ལས་ཀྱི་ཆ་ནས་འགྲེལ་པ་ཙམ་དུ་ཟད། དེའི་འགྲེལ་བ་དང་པོ་ལ་བལྟས་ན་ལ་བཙས་ནི་རྡོ་དང་ཤིང་གི་དར་ཡུ། རས་དར་བཅས་ལས་གྲུབ་པར་རྟོགས་ཐུབ། 《 དུང་དཀར་ཚིག་མཛོད།》 ཀྱི་ནང་དུ་ལ་བཙས་བརྩིགས་ཞེས་པར་འགྲེལ་བཤད་ནི་བོད་ཀྱི་རི་བོ་མཐོན་པོ་འགའ་ཞིག་ལ་མི་ཕྱུགས་བགྲོད་ན་ཐར་བའི་འགྲོ་ལམ་ཡོད་ཅིང་། དེ་འདྲའི་རི་མགོ་མཐོ་ཤོས་ཀྱི་རྩེ་ལ་ལ་བཙས་ཟེར་བའི་རྡོ་སྤུངས་དང་ལྷ་གསོལ་བའི་དར་ཕུང་ཡོད། འགྲུལ་པ་རྣམས་དེར་སླེབས་ན་རང་ཡུལ་ཕྱོགས་སུ་ཁ་གཏད་ནས་ལྷ་གསོལ་དང་སྨོན་ལམ་རྒྱག་སྲོལ་ཡོད་ཅེས་གསུངས་འདུག སོག་པོའི་སྐད་དུ་Obo (འདི་ནི་སག་མན་ཆོས་ལུགས་ཀྱིས་ལྷའི་གནས་ཡུལ་དང་མཆོད་པ་བཞེས་ཡུལ་ཡིན་སྐད།)ཞེས་འབོད་པ་ཡང་ཤིང་དང་རྡོ། ས་ཕུང་ཞེས་པའི་དོན་ཡིན་པས་འདི་དང་ཤིན་ཏུ་མཚུངས། སྤྱིར་བྱ་དངོས་གང་དང་གང་ཡིན་རུང་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་དེའི་ཁྱད་ཆོས་དང་ངོ་བོ་ལའང་འགྱུར་ལྡོག་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་དུ་ཡོད་དེ། དཔེར་ན་རང་རེའི་གྱོན་གོས་ཁོ་ན་ལ་བསམ་ན་ཡང་དང་ཐོག་ཤིང་ལོ་ཡིས་ངོ་ཚ་བཀབ་པ་ཙམ་ནས་རིམ་བཞིན་འཁྱགས་ཡོལ་གྱི་ཆེད་དུ་གཅན་གཟན་རི་དྭགས་ཀྱི་པགས་པ་གྱོན། དེ་ནས་ལུག་བལ་དང་རྩིད་པ་འཐགས་སུ་བཏགས་ནས་ལྭ་བ་དང་། དེ་རྗེས་གོས་རྒྱན་དང་ཆ་ལུགས་སྣ་ཚོགས་སུ་གྱུར་པས་སྔར་གྱི་རྒྱུ་ཆ་དང་བྱེད་ལས་སོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་བཞིན་ལ་བཙས་ཀྱང་དང་ཐོག་བྱུང་བ་ནས་ད་བར་གྲུབ་ཚུལ་དང་གཟུགས་དབྱིབས། ངོ་བོ་དང་བྱེད་ལས་སོགས་ལ་འགྱུར་ལྡོག་མང་པོ་བྱུང་ཡོད་པར་གདོན་མི་ཟའོ། །

        དེ་ཡང་རང་རེ་བོད་འདི་ནི་ཡུལ་གྲུ་རྒྱ་ཆེ་ལ་མི་གྲངས་ཉུང་ཞིང་ཐར་ཐོར་དུ་གནས་ཡོད་སྟབས་རུ་སྡེ་བར་དུ་རི་ཀླུང་དུ་མས་ཆོད་པར་མ་ཟད། གདོད་མའི་སྐབས་སུ་བོད་མི་ཕལ་ཆེར་འབྲོག་པའི་མཚེར་བརྗེ་གནས་སྤོའི་འཚོ་བ་རོལ་བཞིན་ཡོད་ལ། གཅན་གཟན་རི་དྭགས་རྔོན་པ་ནི་འཚོ་བའི་ཟས་གོས་ཀྱི་ཡོང་ཁུངས་གཙོ་བོ་ཡིན་པའི་རྐྱེན་དེ་དག་ལས་མི་རྣམས་རི་ཀླུང་བརྒལ་ནས་འགྲོ་འོང་བྱེད་པའི་རྒྱུན་ཡང་ཇེ་མང་དུ་ཕྱིན་པ་རེད། འོན་ཀྱང་སྐབས་དེ་དུས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པ་དང་རང་བྱུང་ཁོར་ཡུག་ལ་དེ་ཙམ་ཆ་རྒྱུས་མེད་པ། རི་མཐོན་པོ་མང་པོ་ཡོད་པ་རྣམས་བགྲོད་དཀའ་བ་ཤ་སྟག་ཡིན་པར་མ་ཟད། བོད་ཀྱི་ཡུལ་དུ་གནམ་གཤིས་གྲང་བ་དང་དབྱང་དབུགས་ཀྱིས་མི་འདང་བ་སོགས་ལ་བརྟེན་ནས་མི་རྣམས་རང་གནས་སུ་ལོག་མ་ཐུབ་པར་ལམ་བར་ནས་འཁྱགས་ལྟོགས་བཀྲེས་སྐོམ་གྱིས་ཤི་བ་མང་ངོ་། །

        དེའི་ཕྱིར་བདེ་བླག་ངང་རིའི་རྩེ་མོ་བརྒལ་ནས་འགྲོ་ཐུབ་མཁན་རྣམས་ལ་རི་དེ་ལས་རྣམ་པར་རྒྱལ་བའི་ཚོར་སྣང་རང་ཤུགས་སུ་སྐྱེས་ཤིང་སེམས་ཤིན་ཏུ་སྤྲོ་བ་དང་ངལ་གསོ་ཡང་དལ་གྱིས་བྱེད་པ་རེད། སྐབས་དེར་ཁོ་ཚོས་ལམ་བར་གྱི་དཀའ་སྡུག་བརྗེད་མེད་ལ་ཕྱི་ནས་ཡོང་མཁན་གྱི་སྤུན་ཟླའང་བརྗེད་མེད་པས། དེ་དག་གི་ཆེད་དུ་རང་ཉིད་ཀྱི་ཟན་ལྷག་ཕྲན་བུ་རེ་འཇོག་སྲོལ་ཡོད། ཡིན་ནའང་ཟན་ལྷག་དེ་དག་རང་གར་བཞག་ན་བྱ་བྱེའུ་སོགས་ཀྱིས་ཁྱེར་འགྲོ་བས་དེ་དག་ཤིང་ལོའམ་རྩྭས་བསྟུན་ཅིང་རྡོ་ཡིས་མནན་ཏེ་བཞག་པ་རེད། ཟན་དེ་དག་ཕྱི་ནས་འོང་མཁན་རྣམས་ཀྱིས་རྙེད་བའི་ཆེད་དུ་རྡོ་ཡིས་ཐོ་བྱེད་པ་དང་གོས་ཀྱི་ལྷན་པ་སོགས་ཡལ་གའི་རྩེ་ལ་བཏགས་ནས་རྟགས་བཀོད་པ་མ་ཟད། ཁ་ཤས་ཀྱིས་རྡོ་ལ་རི་མོ་བྲིས་ནས་སྟོན་པར་བྱེད་པ་དེ་ནི་ལ་བཙས་ཀྱི་ཐོག་མ་ཡིན་ནོ་སྙམ། འདི་ལས་རང་རེ་བོད་རྣམས་ནི་ཕྱི་ཐག་རིང་བ་དང་གཞན་ཕན་གྱི་བསམ་བློ་ལྡན་པའི་ཡ་རབས་ཀྱི་མི་རིགས་ཤིག་ཡིན་པ་ངང་གིས་ཚོར། 《 བོད་མིའི་ཡུལ་སྲོལ་གོམས་གཤིས་100པ།》ལས་བོད་མི་གནས་སྡོད་བྱ་ཡུལ་གྱི་ས་ཁུལ་མང་ཆེ་བ་ནི་ས་མཐོ་ཞིང་རི་བོ་མང་བའི་ཁར། གནའ་བོའི་དུས་སུ་འགྲིམ་འགྲུལ་གྱི་ཆ་རྐྱེན་གཙོ་བོ་ནི་རྟ་དྲེལ་དང་མཛོ་གཡག་ཁོ་ནར་བརྟེན་དགོས་ཤིང་། མི་མང་ཆེ་བ་ནི་རྐང་ཐང་འགྲོ་དགོས་ཀྱི་ཡོད་སྟབས། ལ་རྒྱག་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་རེད། དེར་བརྟེན་ལ་རེ་བརྒལ་ཚར་དུས་ལམ་སྐྱོད་ཀྱི་དཀའ་བ་གཅིག་བཅད་ཚར་བར་བརྩིས་ནས། ལ་ཡི་རྩེ་ལ་ཁྲལ་མཚོན་ཚུལ་དུ་རྡོ་གསར་རེ་བསྒྲུགས་ནས་དེའི་སྟེང་དུ་རང་གི་བཟའ་ཆས་གཙང་མ་ཕྲན་བུ་སྤུངས་ཏེ་འཇོག་སྲོལ་ཡོད། དེ་ལྟར་བྱེད་དགོས་དོན་ནི་གཅིག་ནས་ལ་མོ་བདེ་གྲོལ་ངང་བརྒྱབ་ཐུབ་པར་རྟེན་འབྲེལ་དང་། གཉིས་ནས་ཟས་ཀྱིས་དབེན་པའི་རྒྱང་གི་འགྲུལ་པ་རྣམས་ལ་སྨན་པའི་དགེ་སེམས་བླ་ན་མེད་པ་ཞིག་ཡིན། ཞེས་གསུངས་འདུག སྔར་མིའི་འགྲོ་འོང་གི་རྒྱུན་ཧ་ཅང་ཉུང་བས་རི་དྭགས་རྒྱུ་ལམ་ཐར་ཐོར་རེ་མ་གཏོགས་མེད་སྟབས་ལམ་ནོར་བའི་ཉེན་ཁ་ཧ་ཅང་ཆེ། དེར་བརྟེན་མི་འགའ་ཤས་ཀྱིས་རང་ཉིད་ཕྱིར་ལོག་པའི་སྐབས་སུ་ལམ་འཚོལ་བདེ་བའི་ཆེད་དུ་རིའི་རྩེ་མོ་དག་ལ་ཤིང་དང་རྡོ་ཡི་ཕུང་པོ་མིའི་གཟུགས་ལྟར་དུ་བརྩིགས་ནས་ཐག་རིང་པོ་ནས་མཐོང་བའི་ལམ་རྟགས་རྒྱག་པ་ཨེ་ཡིན་སྙམ། དེ་ནས་བོད་ཀྱི་མི་ཇེ་མང་དུ་ཕྱིན་པ་དང་དངོས་པོའི་འཚོ་བ་དང་བསམ་བློའི་འཁྱེར་སོ། འཇིག་རྟེན་གྱི་ལྟ་བ། རང་བྱུང་ཁམས་ལ་ངོས་འཛིན་སོགས་ཕྱོགས་ཀུན་ནས་སྔར་ལས་ཡར་ཐོན་ཡོང་བར་བརྟེན། ལ་བཙས་ཀྱི་ཕྱིའི་རྣམ་པ་དང་ནང་གི་མཚོན་དོན་བཅས་ལའང་འགྱུར་བ་ཆེན་པོ་བྱུང་ཡོད་དེ། བོད་ཀྱི་སྤྱི་ཚོགས་བྱུང་བ་དང་རིམ་གྱིས་མི་སྟོབས་ཅན་གྱིས་གཉོམ་ཆུང་ལ་བརྙས་བཅོས་བྱས་པས་སྤྱང་གྲུང་ལྡན་ཞིང་མཐུ་སྟོབས་གཞན་ལས་འཕགས་པ་དང་མི་ཀུན་གྱིས་བརྩི་བ་དག་རྒྱལ་པོར་བཀུར། ཁོང་ཚོས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་ཡོང་བའི་ཆེད་དུ། བོད་གདོད་མའི་ཆོས་ལུགས་ལས་རང་བྱུང་ཁམས་ལ་དད་མོས་བྱེད་པའི་ལྟ་བའམ་གོམས་སྲོལ་དེ་བེད་སྤྱད་ནས་རྒྱལ་པོ་རང་ཉིད་ནི་ཉི་མ་དང་ཟླ་བ། རི་རབ་དང་རྒྱ་མཚོ་སོགས་ལ་དཔེ་བྱས་པ་དང་། འཇིག་རྟེན་གཞན་ཞིག་ནས་འོང་བ་དང་མི་ལས་ལྷག་པའི་སྟོབས་འཇོན་དང་མཐུ་ནུས་ལྡན་པས་རྒྱལ་པོ་ལ་སུས་ཀྱང་ལན་ཟློག་མི་རུང་བ་སོགས་རང་ཉིད་ཀྱི་ཆེ་བ་ཡུལ་གྱི་འབངས་རྣམས་ལ་བསྒྲགས་པས་རྒྱལ་པོའི་བཀའ་ལ་ཡར་ཟློག་མེད། རི་གཟར་རྦབ་རྒོད་གྱེན་ཟློག་མེད་ཅེས་པའི་གཏམ་དཔེ་དེ་ཡང་དེ་དུས་སུ་བྱུང་བ་ཨེ་ཡིན་སྙམ།《མདའ་དང་འཕང་།》ལས་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་མི་ཡུལ་དུ་བྱོན་པའི་སྐོར་གྱི་གཏམ་རྒྱུད་བརྗོད་སྐབས། རྒྱལ་པོ་དེ་ནི་དང་ཐོག་ལྷ་ཡི་ཡུལ་དུ་འཁྲུངས་པ་དང་། ཁོང་གི་ཨ་ཞང་དམུ་ཡིས་ཁོང་མི་ཡུལ་དུ་བྱོན་ཁར་དམུ་སྐས་དང་དམུ་ཐག་གཉིས་གནང་བ་དང་། རྒྱལ་པོ་དེས་དངོས་པོ་དེ་གཉིས་ལ་བརྟེན་ནས་ཀོང་པོའི་ཡུལ་དུ་ཡོད་པའི་ལྷ་རི་གྱང་ཐོའི་སྟེང་དུ་བབས་སོ་ཞེས་ཟེར་བ་ཡིན། འབངས་རྣམས་ཀྱིས་ཐད་ཀར་རྒྱལ་པོ་ལ་ཞབས་ཏོག་བསྒྲུབས་པ་མ་ཟད། རྒྱལ་པོའི་མི་ལས་འདས་པའི་སྣང་བརྙན་ཞིག་གསར་དུ་བཞེངས་ཏེ་དེ་ལ་བཀུར་བསྟི་དང་མཆོད་པ་བྱེད་པའི་ཆེད་དུ་རིའི་རྩེ་མོ་དག་ལ་རྒྱལ་པོའི་ཕོ་བྲང་མཚོན་པའི་རྡོའམ་ཤིང་གི་ཐོ་རྩིག་པ་དེ་ལའང་རྒྱལ་པོའམ་བཙན་ཞེས་འབོད་པ་ནི་ད་ལྟའི་བར་དུ་མི་མ་ཡིན་གྱི་རིགས་སུ་བགྲང་ནས་ཡོད་དོ། །མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དམར་པོ་རིའི་ཕོ་བྲང་དེ་ནི་ཁང་བརྩེགས་ཀྱི་རྩེ་ལ་མདའ་མདུང་གིས་བརྒྱན་པ་ད་ལྟའི་བཙན་ཁང་རྣམས་དང་འདྲ་ས་ཡིན། ལ་དང་རི་རྣམས་ཀྱི་རྩེ་ལ་ཡང་མདའ་མདུང་གི་ཕུང་པོ་བཙུགས་ཏེ་ལྷ་རྣམས་དེར་བཞུགས་པར་བྱེད། ཅེས་དང་བཙན་ཐོ་བྱ་བར་བརྩིགས་ཏེ་སྟེང་དུ་མདའ་མདུང་མང་པོས་བརྒྱན་པ་འདི་ཡང་། རྒྱལ་པོའི་ཕོ་བྲང་ལ་དཔེ་བྱས་པར་འདུག་སྟེ། སྲོང་བཙན་དུས་ཀྱི་དམར་པོ་རིའི་ཕོ་བྲང་གི་དཔེ་རིས་བཙན་ཁང་གི་དབྱིབས་བཞིན་དུ་ཡོད་པ་ལ་ལྟོས་ཤིག ཅེས་དང་། དེ་བཞིན་《ལྡེའུ་ཆོས་འབྱུང་།》དུ་ཡུལ་ལྷ་འོ་ལྡེ་གུང་རྒྱལ་ནི་གཉའ་ཁྲི་བཙན་པོའི་ཡབ་རྒྱུད་ལྷ་རབས་མཆེད་བཞི་ཞེས་པའི་གྲས་ཤིག་ཡིན་ཚུལ་བརྗོད་པ་དང་ལྷ་དེ་ནི་ཡུལ་ལྷ་ཀུན་གྱི་ཡབ་མེས་ཡིན་པར་བསྟན་ཡོད། དེ་ནས་རྒྱལ་པོ་དེ་དག་ཚེའི་ཚད་རྫོགས་དུས་ཀྱང་ཡུལ་གཞན་ཞིག་ལ་འགྲོ་ས་ཡོད་པར་བརྗོད་ནས་རི་ཡི་རྩེ་མོར་ཁྱེར་ཏེ་མེ་ལ་བསྲེག་པའི་དུ་བའི་རྟ་ལ་བཞོན་ཏེ་ནམ་མཁའ་ནས་ཞིང་ཁམས་གཞན་དུ་འགྲོ་བར་སྒང་པ་བོད་ཀྱི་ལོ་རྒྱུས་ལས་བང་སོ་མཁའ་ལ་བཏབ་ཅེས་པ་དེ་ཨེ་ཡིན་སྙམ། དེ་ཡང་《 མདའ་དང་འཕང་།》ལས། རྒྱལ་པོ་དེ་རྣམས་ཀྱིས་སྐུ་ཕུང་མི་ཡུལ་དུ་མ་བཞག་པར་གནམ་དུ་གཤེགས་པར་བཤད། རྒྱལ་པོའི་ཁོངས་ལས་གཉའ་ཁྲི་བཙན་པོ་གཙོས་རྒྱལ་པོ་དྲུག་ནི་གནམ་དུ་གཤེགས་པར་གྲགས། ཞེས་བཀོད་འདུག དེ་ནས་རྒྱལ་པོ་གོང་མ་དག་ལ་གཞུག་མ་དག་གིས་དྲན་གསོ་བྱེད་པའི་ཆེད་དུ་ཟླ་ཚེས་བཟང་པོ་ལ་ཇ་ཆང་ཤ་མར་ཟན་རྩམ་སོགས་མིའི་བཟའ་ཆས་གང་ཞིམ་ཁྱེར་ཏེ་འཁོར་དང་བཅས་རིའི་རྩེ་ལ་སྐྱོ་བསངས་དང་རི་དྭགས་རྔོན་ཞོར་དུ་ལྷ་མཆོད་བསང་འབུལ་སོགས་འགྲོ་བའི་སྲོལ་དེ་ནི་ད་ལྟ་མི་རྣམས་ཀྱིས་རྟ་བཞོན། བོག་ཁུར། བསངས་རྫས་དང་བཟའ་ཆས་ཐོགས་ཏེ་ཚེས་བཟང་དུས་བཟང་ལ་གཞི་བདག་གམ་ལ་བཙས་བསྟོད་དུ་འགྲོ་བའི་སྲོལ་གྱི་ཕུ་ཡིན་སྙམ་པའི་བསམ་བློ་ཡང་ཡོད་དོ། །

        དེ་ནས་རིམ་གྱིས་ཚོ་བའམ་རྒྱལ་ཕྲན་སོ་སོར་དར་རྒུད་སྣ་ཚོགས་བྱུང་བས། དར་རྒྱས་སུ་སོང་བའི་རྒྱལ་ཕྲན་དག་གིས་རང་ཉིད་ཀྱི་མངའ་ཁོངས་རྒྱ་བསྐྱེད་དེ་ཕྱོགས་ཕྱོགས་སུ་ས་ཆ་དང་རུ་སྡེ་མང་པོ་མངའ་འོག་ཏུ་བསྡུས་པས་རྒྱལ་ཕྲན་ཕན་ཚུན་བར་ལ་ས་མཚམས་ཀྱི་དབྱེ་བ་མ་འབྱེད་པའི་འཐབ་འཁྲུག་སྣ་ཚོགས་བྱུང་ཞིང་། མཐར་ཕྱོགས་གཉིས་ཀས་གྲོས་མོལ་གྱིས་ལ་བཙས་བཙུགས་ཏེ་ས་མཚམས་གཏན་འཁེལ་བྱས་པ་ནི《 བོད་རིག་པ་སྤྱི་བཤད། 》 ལས་ས་མཚམས་ཀྱི་དབྱེ་བ་འགའ་ཞིག་གསལ་བོ་མེད་པ་བཅས་སྡེ་ཤོག་གཉིས་ཀྱི་བར་དམེ་འཁྲུགས་ཚབས་ཆེན་ཡོང་གི་ཡོད། ཅེས་གསུངས་པའང་ལ་བཙས་མེད་པའི་ཡུལ་སྡེ་དག་གི་གནས་ཚུལ་བརྗོད་པ་མིན་ནམ་སྙམ། དེ་ཡང་ཡིན་ཏེ་རང་རྒྱལ་གྱི་ལྕགས་རི་རིང་པོས་ཀྱང་ནུས་པ་དེ་བཏོན་ནས་ལྷོ་བྱང་གི་ས་མཚམས་སོ་སོར་ཕྱེས་པ་དང་། དེའི་བར་བར་གྱི་རིའི་རྩེ་མོ་ལ་འབུར་ཐོ་རྩིག་སྟེ་དུ་བའི་དམག་བརྡ་གཏོང་སའང་བཟོས་ཡོད། དེ་བཞིན་ལ་བཙས་ནི་ས་མཚམས་སོ་དམག་སྡོད་སའི་དགོས་མཁོ་ལ་བརྟེན་ནས་དེའི་ངོ་བོ་ལའང་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། དགོས་དབང་གིས་ཇེ་མང་དུ་སོང་ཡོད།《ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》ལས། དེར་བོད་ཀྱི་བློན་དམག་མི་སྟེ་མང་པོ་དང་བཅས་འོངས། སྣང་ནམ་ལེགས་གྲུབ་དང་རྒྱལ་པོ་སྔུན་ལ། ལ་བཙས་ཀྱི་ཁར་བྱོན་ནས་བལྟས་པས་ཆུ་སླ་རྔ་གང་གི་ནང་ན། གསེར་ཆུང་གཅིག དུང་ཆུང་གཅིག་དུག་མདེལ་གཅིག་དང་གསུམ་གདའ་འོ། །ཞེས་འཁོད་པ་ལྟར། སྐབས་དེར་བྱུང་བའི་ལ་བཙས་དག་ནི་རང་སྡེ་དང་གཞན་སྡེ། ལམ་འགག་ཆེ་ས་སོགས་མཐོང་བའི་རི་རྩེ་ལ་བསྐྲུན་ཡོད་པ་ལས། ཕྱོགས་གཅིག་ནས་དགྲ་བོ་ཡོང་བ་མཐོང་ཐུབ་ཅིང་ཕྱོགས་གཅིག་ནས་མགྱོགས་མྱུར་དུ་རང་ཕྱོགས་ལ་བརྡ་གཏོང་ཐུབ་པ་ཡིན། ཡང་《བོད་མིའི་ཡུལ་སྲོལ་གོམས་གཤིས་100པ།》ལས་ལ་བཙས་ནི་ཐོག་མར་ཡུལ་སྡེ་སོ་སོའི་ས་མཚམས་ཀྱི་རྟགས་ཡིན་པས། ཕྱོགས་དེ་ནས་འགྲོ་དགོས་ན། ངེས་པར་དུ་ཁྲལ་གྱི་ཚབ་ཏུ་རྔན་པ་ཕྲན་བུ་འཇོག་སྲོལ་ཡོད་པ་དེ་རིམ་གྱིས་ད་ལྟའི་ལྷ་གསོལ་བའི་རྣམ་པ་ལྟ་བུར་འཕོ་འགྱུར་བྱུང་བའི་ངོས་འཛིན་གནང་མཁན་ཡང་ཡོད། ཅེས་གསུངས་པ་ནི《 བོད་རྒྱ་ཚིག་མཛོད་ཆེན་མོ། 》 ལས་འགྲེལ་བ་གཉིས་པ་ལ་ཡི་ཤ་ཁྲལ་ཞེས་པ་དང་ཡོངས་སུ་མཐུན་འདུག དུས་བདེ་ཞོད་འཇགས་ཀྱི་སྐབས་སུ་ཡུལ་སོ་སོས་གཏན་འཁེལ་གྱི་ཉིན་མོ་ལ་མ་གཏོགས་ལ་བཙས་རྒྱུན་གསོལ་བྱེད་མཁན་མེད་ལ་བྱེད་ལོང་ཡང་མེད་པ་དང་། རྒྱུན་པར་རི་རྩེ་ལ་འགྲོ་འོང་བྱེད་མཁན་ནི་རྫི་བོ་དེ་ཚོ་ཡིན་ཏེ། གཏམ་དཔེ་ལ་རྫི་བོ་ག་ཚོད་དཀའ་རུང་ཉིན་ཕྱེད་ཉལ་ཞེས་པ་ལྟར་ཁོ་ཚོའི་འཚོ་བ་ནི་ཅུང་ཟད་བག་ལྷོད་པོ་ཡིན་པ་དང་། རྫི་བོ་རྣམས་ནི་ལས་ཆེན་ལས་པའི་ཚད་ལ་མི་སླེབས་པའི་བྱིས་པ་ལོ་ཆུང་ཤ་སྟག་ཡིན་པས་ཁོ་ཚོ་རྩེད་མོ་ལ་དགའ་བ་དང་རང་ཉིད་ཀྱི་ཁྱིམ་ཆུང་ཆུང་བཟོ་རྒྱུར་ལྷག་པར་དགའ་པོ་ཡོད་སྟབས་རི་རྩེའི་རྡོ་རྣམས་ཕྱོགས་གཅིག་ཏུ་སྤུངས་ནས་རྫི་ར་དང་རྫི་ཐོ། རྫི་ཁང་སོགས་རྩིག་སྟེ་ཆར་གཡོལ་རླུང་བྱོལ་དང་ཇ་སྐོལ་སའི་ཐབ་ཀ་བྱེད་པ་དག་ཕྱིས་ལ་བཙས་སུ་ཆགས་ཡོད་པའང་དངོས་སུ་མཐོང་དུ་ཡོད་དེ་དཔེར་ན། བོད་རང་སྐྱོང་ལྗོངས་ལྷོ་རོང་རྫོང་ཉེ་འགྲམ་དུ་ཡོད་པའི་རྫི་ཐོ་དགོན། (རྫི་བོ་རྣམས་ཀྱི་ཇ་སྐོལ་སའི་ཐོ་ཙོག་ཅིག་ལས་མེད་པ་མི་རྒན་རྣམས་ཀྱི་ཁ་ནས་དངོས་སུ་ཐོས་ལ་ད་ལྟ་དེར་དགེ་ལུགས་པའི་དགོན་པ་ཆེ་ཙམ་ཞིག་ཆགས་ཡོད།) དཀར་མཛེས་ཁུལ་ར་རྔ་ཁ་གྲོང་རྡལ་གྱི་ནུབ་ངོས་སུ་ཡོད་པའི་རི་སྟེང་གི་གཞི་བདག་ལ་རྫི་འབོ་(འབོ་ནི་མི་ཉག་སྐད་དུ་རིའི་དོན་ཡིན།)ཟེར་བ་སོགས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཏུ་རྫི་བོ་རྣམས་ཀྱིས་བརྩིགས་པའང་མང་པོ་བྱུང་ངོ་། །
        མདོར་ན་ལ་བཙས་ཀྱི་འབྱུང་ཁུངས་དང་བྱེད་ནུས་ཐད་ལ་རྙོག་དྲ་ཆེན་པོ་ཙམ་ཡོད་ཀྱང་དེར་ཡང་དག་པར་ཞིབ་འཇུག་བྱས་པ་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་སྟེང་གི་འཛུགས་སྐྲུན་བྱེད་སྟངས་དང་ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་འཚོ་བ་འགྱུར་འཕེལ་བྱུང་བའི་བརྒྱུད་རིམ། བསམ་པའི་འཁྱེར་སོར། ཆོས་ལུགས་གྲུབ་མཐའ་སོགས་ལ་ཞིབ་འཇུག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1