རིས་མེད་ལྟ་བ་དང་དགེ་འདུན་ཆོས་འཕེལ།

ཨ་སྔགས་ཚེ་རིང་བཀྲ་ཤིས། 〔ཁྲེན་ཏུའུ།〕 རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


དགེ་འདུན་ཆོས་འཕེལ།

   བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་སྐྱེས་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་ཡིན་ཕྱིན་མེ་ཏོག་ཕོག་པའི་ལྷ་སྐལ་དུ་རྒྱལ་བསྟན་གྲུབ་མཐའ་གང་རུང་ཞིག་གི་གདུགས་འོག་ཏུ་ཚུད་དེ་གནས་པ་ནི་རིགས་གཞན་ནམ་ཡུལ་གྲུ་གཞན་དང་བསྡུར་ན་ཆེས་ཐུན་མིན་དུ་གྲུབ་པས་ན། མཚན་ཉིད་ཚང་བའི་བོད་མི་ཞིག་ཡིན་ཕྱིན་ཁོང་གི་སྐྱབས་བཅོལ་བའམ་དད་མོས་བྱེད་སའི་ཆོས་ལུགས་གྲུབ་མཐའ་གང་ཞིག་ཡིན་པ་ངོས་འཛིན་བྱེད་སླ་བ་ལྟར་དུ་སྣང་སྟེ། སྤྱིར་བཏང་གི་མི་སེར་ཕལ་མོ་ཆེ་ནི་རང་གི་ཁྱིམ་རྒྱུད་ཀྱིས་དད་མོས་ཀྱི་རྗེས་སུ་འབྲང་ཞིང་མི་ཚེ་ཧྲིལ་པོ་ཆོས་དེ་ཉིད་དད་ཅིང་སྒྲུབ་པར་བྱེད་ལ། ལ་ལ་ཡབ་མེས་ཀྱི་ཆོས་ལ་ཞེན་འཛིན་ཡོད་ཅིང་རྒྱུ་རྐྱེན་གཞན་གྱི་བཙན་དབང་གིས་དད་མོས་བསྒྱུར་བའང་མང་སྟེ། དཔེར་ན། བོད་ཀྱི་ལོ་རྒྱུས་ཐོག་ཏུ་རབས་དང་རིམ་པ་བྱུང་བའི་གཡུང་དྲུང་བོན་ལུགས་དད་པ་བྱེད་པ་ལ་ཕྱིས་བྱོན་བན་ལུགས་ཀྱིས་བློ་ཁ་བསྒྱུར་བ་ལྟ་བུ་དང་། བན་ལུགས་ནང་གསེས་སུའང་དུས་རབས་རིམ་བྱོན་ནང་དུ་དང་ཐོག་གསང་སྔགས་རྙིང་ཕྱོགས་དད་པ་བྱེད་པ་ལ་ཕྱིས་སུ་བཀའ་རྒྱུད་དམ་ས་སྐྱའམ་དགེ་ལུགས་གང་རུང་དུ་བསྒྱུར་བ་དང་། དེང་ཐོག་བཀའ་རྒྱུད་ཕྱིས་སུ་དགེ་ལུགས། དེང་ཐོག་ས་སྐྱ་ཕྱིས་སུ་བཀའ་རྒྱུད་དམ་དགེ་ལུགས་སུ་བསྒྱུར་བ་སོགས་ལོ་རྒྱུས་ལ་ཕྱི་འདེད་བྱས་ན་དཔེ་བགྲང་གིས་མི་ལང་བ་ཞིག་འཐུ་རྒྱུ་ཡོད་ལ། དེ་དག་མང་ཆེ་ཤོས་དུས་རབས་སོ་སོའི་ཆབ་སྲིད་ཀྱི་འགྱུར་ལྡོག་དབང་བཙན་དུ་སོང་སྟེ་ཆུ་བོ་ཆེན་པོའི་རླབས་བཞིན་ཅིག་ཤོས་མཐོ་རུ་ཕྱིན་དུས་ཅིག་ཤོས་ཉམས་དམས་སུ་ཕྱིན་པའོ།། འོན་ཏེ་ཤེས་རིག་གླིང་དུ་བགྲོད་པའི་སྐྱེས་བུ་ལ་ལས་ཕྱི་རྐྱེན་གྱིས་རང་གི་ལྟ་གྲུབ་བསྒྱུར་བ་མིན་པར་རང་མོས་སྒོས་འགྱུར་བའང་ཡོད་དེ། དཔེར་ན། རོང་སྟོན་ཤེས་བྱ་ཀུན་གཟིགས་ལྟ་བུ་ཁྱིམ་རྒྱུད་དད་མོས་བྱེད་ས་གཡུང་དྲུང་བོན་ལུགས་ཡིན་ཀྱང་ཕྱིས་སུ་དཔལ་ལྡན་ས་སྐྱ་བའི་ལྟ་གྲུབ་བསྐྱངས་པའི་ཀ་ཆེན་ལྟ་བུར་གྱུར་བ་དང་། དེ་བཞིན་མཁས་གྲུབ་དགེ་ལེགས་དཔལ་བཟང་ལྟ་བུ་དེང་ཐོག་དཔལ་ལྡན་ས་སྐྱ་བའི་ཆོས་རྒྱུད་འཛིན་པའི་མཁས་པ་ཆེན་པོ་ཞིག་ཡིན་རུང་ཕྱིས་སུ་རྗེ་བློ་བཟང་གྲགས་པའི་སྲས་ཀྱི་ཐུ་བོར་གྱུར་ཏེ་དགེ་ལྡན་རིང་ལུགས་འཛིན་མའི་ཁྱོན་འདིར་སྤེལ་བར་བྱེད་པའི་སྲོག་ཤིང་དུ་གྱུར་བ་ལྟ་བུ། དེ་དག་ཀྱང་སྤྱིར་བཏང་དད་མོས་ཀྱི་ཚད་དེ་ཅུང་དམའ་རིམ་ལས་རང་རྐྱ་འཕེར་བའི་ལྟ་གྲུབ་ཀྱི་ཚད་དུ་མཐོ་བརྒལ་བྱུང་བ་མངོན་ཏེ། སྔ་མ་ནི་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་ལ། ཕྱི་མ་ནི་དམིགས་བསལ་བྱེ་བྲག་གི་རང་བཞིན་དུ་གྲུབ། སྔ་མ་ནི་རང་གི་ལྷན་སྐྱེས་ཁྱིམ་བརྒྱུད་ལས་བྱུང་བ་ཡིན་ལ་ཕྱི་མ་ནི་ཕྱིས་ཀྱི་རྩོལ་བྱུང་ལས་གྲུབ་པའོ།། དེ་ཡང་རང་ཉིད་དད་མོས་ཡོད་སའི་ཆོས་རྒྱུད་ལ་ཞུགས་རྗེས་ཕལ་མོ་ཆེ་ནས་རང་ལུགས་མཆོག་ཏུ་འཛིན་ཅིང་ལུགས་གཞན་ཆ་རྒྱུས་མེད་པས་ཇི་མི་སྙམ་པ་འཇོག་པ་ལ་གྲུབ་མཐའ་བཏང་སྙོམས་ཅན་དུ་འདོད་ལ། ཁ་ཤས་ཀྱིས་རང་ལུགས་མཆོག་ཏུ་བཟུང་སྟེ་ཞེན་ཅིང་ཆགས་ལ། གཞན་ལུགས་ལའང་སྡང་བ་ཅུང་ཟད་ཙམ་མེད་པ་དག་སྣང་གིས་བཀུར་བར་བྱེད། དེ་ནི་གྲུབ་མཐའ་རིས་མེད་ཅན་དུ་བགྲངས། འགའ་ཤས་ཀྱིས་རང་ལུགས་ཁོ་ན་མཆོག་ཏུ་བཟུང་ནས་གཞན་ལུགས་སྡང་བར་བྱེད་པ་ནི་གྲུབ་མཐའ་ཕྱོགས་རིས་ཅན་དུ་བརྗོད་དོ།། གྲུབ་མཐའ་རིས་མེད་ཅན་ནི་འཇིག་རྟེན་སྲིད་ལུགས་སམ་དམ་པའི་ལྷ་ཆོས་གང་ལ་དམིགས་ཏེ་བརྗོད་ནའང་ངོ་སོ་བྱེད་སའི་གནས་སུ་འཁུམས་ལ། གྲུབ་མཐའ་ཕྱོགས་རིས་ཅན་ནི་དེ་ལས་ལྡོག་པ་དགོངས་གཞི་དགོས་པ་ཅི་ཙམ་ཡོད་ཀྱང་རུང་ནམ་གཞི་ཐར་བའི་བཀག་རྡོ། མཐུན་སྒྲིལ་གྱི་གཤེད་མ། ཉེས་རྒུའི་འབྱུང་གཞིར་སོང་བས་ན་མཐའ་གཅིག་ཏུ་སྤང་བྱར་གྱུར་རོ།། གྲུབ་མཐའ་རིས་མེད་ཅེས་པ་བརྗོད་སླ་ལ་ལག་ཐོག་ཏུ་ལེན་རྒྱུ་ཧ་ཅང་དཀའ་བས། མི་སེར་སྤྱིར་བཏང་བ་ལྟ་ཅི་མཁས་པའི་ཆོ་ལོ་བརྙེས་པའི་ཤེས་ལྡན་པ་དག་ལས་ཀྱང་རེ་ཟུང་ལས་འབྱུང་མི་ཐུབ། འབྱུང་མི་ཐུབ་པའི་རྒྱུ་མཚན་ནིའང་ཨ་ཕའི་ཁ་ཕོར་གཙང་ཞེན་དེ་ཀུན་ལ་ཆོས་ཉིད་དུ་གྲུབ་པ་དང་། ངའོ་སྙམ་པ་དང་། རང་ལྟ་མཆོག་འཛིན་ནི་ལྷན་སྐྱེས་ཀྱི་གཤིས་སུ་གཟུགས་ལ་གྲིབ་མ་བཞིན་དུ་འགྲོགས་པས་ན་ལས་སླ་མོའི་སྒོས་གཟུགས་མེད་ཀྱི་ལྕགས་རི་དེ་ལས་བརྒལ་མི་ནུས་པའོ།། དེས་ན་རིས་མེད་ཀྱི་མཁས་པ་ཞིག་ཡིན་ཕྱིན་ཡང་ན་རང་གི་རྩ་བའི་བླ་མའི་རྗེས་སུ་འབྲང་སྟེ་དད་པ་དག་སྣང་གི་སྒོ་ནས་ལུགས་གཞན་དང་གཞན་དག་ཀྱང་རྒྱལ་བས་གདུལ་བྱ་འདུལ་བའི་ཐབས་མཁས་ཐུགས་རྗེའི་བྱིན་མཐུ་ལས་བྱུང་བ་ལགས་པས་གངས་ཅན་བོད་ལ་མཚོན་ན་སྒྲུབ་བརྒྱུད་ཀྱི་ཤིང་རྟ་བརྒྱད་ནི་སོ་སོ་མེ་ཏོག་ཕོག་པའི་ལྷ་སྐལ་ཙམ་ལས་མཆོག་དམན་དབྱེ་བ་འབྱེད་དུ་མེད་པར་ཤེས་པ་དང་། ཡང་ན་རང་གཞན་གྱི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་གྱིས་སྒྲོ་འདོགས་ཆོད་པས། པཎ་ཆེན་བློ་བཟང་ཆོས་རྒྱན་པའི་ཞལ་ནས། ལྷན་ཅིག་སྐྱེས་སྦྱོར་གའུ་མ།། ལྔ་ལྡན་རོ་སྙོམ་ཡི་གེ་བཞི།། ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་།། དབུ་མ་ལྟ་ཁྲིད་ལ་སོགས་པ།། སོ་སོར་མིང་འདོགས་མང་ན་ཡང་།། ངེས་དོན་ལུང་རིགས་ལ་མཁས་ཤིང་།། ཉམས་མྱོང་ཅན་གྱི་རྣལ་འབྱོར་བས།། དཔྱད་ན་དགོངས་པ་གཅིག་ཏུ་འབབ།། ཅེས་གསུངས་པ་བཞིན་ཆོས་ཀྱི་གནད་གསང་ཀློང་དུ་གྱུར་བས་ན་ངེས་དོན་གྱི་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ངང་ངམ་ཤུགས་ཀྱིས་འབྱུང་བའོ།།

ཆོས་ཚོགས་འཚོག་བཞིན་པ།

   དེ་བཞིན་སྐབས་བབས་དགེ་འདུན་ཆོས་འཕེལ་ཚང་ནི་རྙིང་མའི་ཁྱིམ་བརྒྱུད་དུ་འཁྲུངས་པས་གསང་སྔགས་རྙིང་མའི་ཕྱོགས་ལ་ཞེན་ཅིང་ཆགས་ལ། ཕྱིས་སུ་བསླབ་པ་སློབ་གཉེར་བྱེད་ཡུལ་ནི་ངྷི་ཚ་བཀྲ་ཤིས་ཆོས་ལྡིང་དང་བླ་བྲང་བཀྲ་ཤིས་འཁྱིལ། དབུས་ཀྱི་འབྲས་དཀར་སྤུངས་པའི་སྡེ་བཅས་རི་བོ་དགེ་ལུགས་པའི་དགོན་སྡེ་དག་ཡིན་གཤིས་དགེ་ལུགས་པའི་ལྟ་གྲུབ་སྐྱོང་བའི་མཁས་པ་ཞིག་ཡིན་དགོས་པ་ལྟར་དུ་གྲུབ་མོད། འོན་ཏེ་ཁོང་གི་ཕྱིས་ཀྱི་མཛད་སྤྱོད་ལ་སོ་སོའི་མཐོང་སྣང་མི་འདྲ་བའི་དབང་གིས། ལྟ་གྲུབ་ཐད་ལ་ཀླན་ཀ་ཇི་སྙེད་བྱུང་འདུག་སྟེ། ཀླུ་སྒྲུབ་དགོངས་རྒྱན་སྤེལ་བའི་རྐྱེན་བྱས་དགེ་ལྡན་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེས་དགེ་འདུན་ཆོས་འཕེལ་ནི་གསར་མིན་རྙིང་མིན་རྟོག་གེ་མགོ་མཁྲེགས་ཅན་དུ་བརྗོད་པ་དང་། ལ་ལས་དགེ་ལྡན་ཕྱོགས་ཀྱི་འཇམ་བཞད་ཡིག་ཆར་དོགས་པ་བསླངས་པའི་དབང་གིས་ཁོང་ནི་ལྟ་ལོག་མུ་སྟེགས་པར་དམའ་འབེབས་བྱེད། ལ་ལས་དགེ་འདུན་ཆོས་འཕེལ་གྱི་ལྟ་གྲུབ་ལས་མཆེད་པའི་མཛད་སྤྱོད་བློ་རུ་མ་ཤོང་བས་དགེ་འདུན་ཆོས་འཕེལ་གྱིས་ཆོས་ལུགས་ཁས་ལེན་མི་ལེན་ལ་དོགས་པ་ཟ་ཞིང་། འགའ་ཤས་དགེ་འདུན་ཆོས་འཕེལ་གྱི་ལྟ་བ་གཞི་གང་ལ་གཏད་ཀྱང་རང་ཅག་བློ་ངོར་གོམས་ཤིང་འདྲིས་པ་ལྟ་བུ་ཆོས་ལུགས་པ་ཞིག་ཡིན་ཕྱིན་ངེས་པར་དུ་ཁ་ན་མ་ཎི་བགྲངས་ཤིང་ལག་ན་འཁོར་ལོ་བསྐོར་བ་ལྟ་བུ་ཞིག་ཏུ་དགོས་སྙམ་ནས། དགེ་འདུན་ཆོས་འཕེལ་ནས་ནམ་རྒྱུན་ཞལ་འདོན་ཙམ་ཡང་མེད་པས་ཁོང་ནི་ཕྱི་ནང་གཉིས་ཀྱི་བར་མཚམས་ན་གནས་པའི་གང་ཟག་ཅིག་ཏུ་ངོས་འཛིན་མི་མཛད་ཐབས་མེད་དུ་ལུས། གལ་སྲིད་རང་ཅག་འཇིག་རྟེན་པའི་ཚད་གཞི་ལྟར་དགེ་འདུན་ཆོས་འཕེལ་གྱིས་དད་མོས་བྱེད་ཕྱོགས་གང་ཞིག་ཡིན་པ་ངེས་པར་དུ་ངོས་འཛིན་མཛད་དགོས་པའི་དབང་དུ་བཏང་ན། མི་རྒན་ཤེས་རབ་རྒྱ་མཚོས་བྲིས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་མདོར་བསྡུས་ཞེས་པ་ལས། ཉིན་གཅིག་ཕྱི་དྲོ་ཁར་རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་བློ་ན་ཨེ་འགྲོ་གསུང་། བློ་ཐོག་མེད་དཔེ་ཆ་ཡོད་བྱས་པས་དེ་དང་མི་ཕམ་གྱི་འཇམ་དཔལ་རྫོགས་ཆེན་གྱི་གཞི་ལམ་འབྲས་གསུམ་གྱི་སྨོན་ལམ་དེ་ཁུར་ཤོག་ཚར་རེ་ཐོན་དང་གསུང་། དཔེ་ཆ་བླངས་ནས་ཚར་རེ་བཏོན་པས་འོ་སྙན་པོ་འདུག དགེ་ཆོས་སྨྱོན་པས་འཇིག་རྟེན་ཁམས་ཀྱི་ལྟད་མོ་ཚང་མ་མཐོང་ཚར། ད་ལམ་མར་ཤོད་ན་སྐད་གྲགས་ཅན་གྱི་ཡུལ་ཞིག་ཡོད་སྐད་ཐོས། དེར་ལྟ་བར་ཕྱིན་ན་ག་འདྲ་ཡོད་གསུང་། དེ་མཚམས་ས་རུབ་སོང་ཁྱོད་རང་སོང་། སང་སྔ་མོ་ནས་ལྟ་བསྐོར་ཞིག་གྱིས་གསུང་། དེ་སྐབས་དགོངས་པ་འཕོས་པ་འདྲ།ཞེས་དང་། རཀ་ར་སྤྲུལ་སྐུས་བྲིས་པའི་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ཞེས་པའི་ནང་དུའང་། དེ་བཞིན་བསྙུན་པའི་སྐབས་དེ་འདྲ་ལ་ཡང་། ང་ཤི་དུས་ཤི་སྟངས་ཟེར་བ་ག་འདྲ་ཞིག་འདུག་ཁྱོད་ཚོ་ལ་བཤད་གང་ཐུབ་བྱེད་བགྱི་ཡིན་ཞེས་གསུངས་ཚུལ། གཤེགས་ཁའི་མཐའ་མར་རྟེན་འབྲེལ་བསྟོད་པ་ཞིག་མཉམ་དུ་ཐོན་གསུངས་ནས། རྟེན་འབྲེལ་བསྟོད་པ་གསུང་བཞིན་པའི་མུར་ཞི་བའི་དབྱིངས་སུ་གཤེགས་སོ་ཞེས་གནས་ཚུལ་གསལ་ལ་ཡི་མུག་པ་ཞིག་འབྱོར་བྱུང་ཞེས་འཁོད་པ་ལས་ལྷང་ངེ་ཤེས་ནུས་པ་ཁོང་ནི་གསང་སྔགས་རྙིང་མ་དང་རི་བོ་དགེ་ལྡན་ལུགས་བཟང་མཐར་ཐུག་གི་སྐྱབས་སུ་འགྲོ་བ་ཐེ་ཚོམ་ཟ་དགོས་དོན་སྤུ་ཙམ་མེད་ལ། གཞན་ཡང་ཀིརྟི་རིན་པོ་ཆེས་འཚོལ་བསྡུ་བྱས་པའི་དགེ་ཆོས་སྐོར་གྱི་ངག་རྒྱུན་ཕྱོགས་སྒྲིག་སྟེ་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ་ལས་རཀ་ར་བཀྲས་མཐོང་གིས། རྗེས་མ་དགེ་འདུན་ཆོས་འཕེལ་ལགས་བཙོན་ཁང་ནང་ནས་ཚུར་ཕེབས་སྐབས་དབུ་སྐྲ་ཡང་སྐེ་ཙམ་ཞིག་འདུག ཤོག་བུར་བྲིས་པའི་རྗེ་བཙུན་སྒྲོལ་མ་ཡག་པོ་ཞིག་གསོལ་ལྕོག་སྒང་ལ་བཞག་འདུག ཕྱག་བདེ་པོ་ཞེ་དྲག་རེད། འདི་ངས་བཙོན་ཁང་ནས་བྲིས་པ་རེད་ཅེས་དང་། བཙོན་ཁང་ནང་ལ་སྒྲོལ་མ་འབུམ་ཐེར་གཅིག་ཕྱིན་སོང་གསུང་གི་འདུག་ཅེས་དང། ཨ་མདོའི་ཨ་ལགས་འཇམ་དཔལ་ཞལ་ནས། དགེ་འདུན་ཆོས་འཕེལ་ལགས་རྣམ་ཀུན་ཞལ་བཞུགས་པའི་སྐབས་ང་ཚོ་བཅར་གྱི་ཡོད་པ་རེད། དེའི་སྐབས་ཁོང་གི་བཀའ་མོལ་ལ་ཚད་འཛིན་གང་ཡང་ཡོད་པ་མ་རེད། མཚམས་མཚམས་ལ་སྒྲོལ་མ་བསྐྱོར་ནས་ངུ་གི་རེད་ཅེས་གསུངས་བ་ལྟར་རྗེ་བཙུན་སྒྲོལ་མ་ལ་དད་པ་ཕུར་ཚུགས་སུ་གཏད་དེ་གཏན་གྱི་སྐྱབས་སུ་བཅོལ་བའི་ལྟ་ལོག་པའམ་མུ་སྟེགས་པ་ཞིག་སྲིད་འདིར་མེད་པར་ངེས་པས་ན། དགེ་འདུན་ཆོས་འཕེལ་གྱིས་ཆོས་ལུགས་ཁས་ལེན་མི་ལེན་དང་ཁོང་གི་ལྟ་བ་ལོག་ཡོད་མེད་སོགས་ཀྱི་ཀླན་ཀའང་བརྟག་རིན་དང་སྙིང་བོ་སྤུ་ཙམ་མེད་པ་ཀུན་གྱིས་ཤུགས་ནས་རྟོགས་ཐུབ་བོ།།

   དགེ་འདུན་ཆོས་འཕེལ་ནི་དབང་རབ་རིགས་པའི་རྗེས་འབྲང་གི་གྲས་སུ་ཚུད་པའི་སྐྱེས་ཆེན་དུ་སོང་སྟབས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་བསྐྱངས་ལུགས་ཀྱང་དད་པའི་དག་སྣང་ཙམ་མིན་པར་ཆོས་ཀྱི་གནད་གསང་རྟོགས་པའི་ཆ་ནས་ཡིན་ཏེ། རབ་བྱེད་ཞབས་བཏགས་མ་ལས། ཁོང་ཉིད་མཁས་པ་ཆེན་པོར་སོང་སྟབས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་ལས་གྲུབ་མཐའི་བཞེད་ཕྱོགས་གཅིག་ལ་མཁྲེགས་བཟུང་ཨུ་ཚུགས་ཀྱིས་དགག་པ་མཛད་མཁན་ཞིག་ག་ལ་ཡིན་ཞེས་དང་། དགེ་ཆོས་ལགས་ཆོས་ལུགས་རིས་མེད་ལ་དོན་དམ་པའི་དག་སྣང་ཡོད་མཁན་ཞིག་དང་། སྙིང་བོའི་ཆོས་ལ་སྤྱོད་ཅིང་སྦས་པའི་རྣལ་འབྱོར་བ་ཞིག་ཡིན་པ་མཁས་དབང་དེ་ཉིད་ཀྱི་གསུང་རྩོམ་དང་། ལོ་རྒྱུས་རྣམས་ལས་མཁྱེན་རྟོགས་ཐུབ་རྒྱུ་ཞེས་དང་། ཡང་གཞུང་དེ་ལས། རཀ་ར་སྤྲུལ་སྐུས། དགེ་འདུན་ཆོས་འཕེལ་རྙིང་མ་བ་ཞིག་གིས་ཞུས་ན་རྙིང་མ་བ་རང་རེད་ཆ་ཚང་གསུངས་རྒྱུ་ཡོད་པ་དང་། བཀའ་བརྒྱུད་པ་གཅིག་གིས་ཞུས་ན་བཀའ་བརྒྱུད་པ་རང་རེད་ཆ་ཚང་གསུངས་རྒྱུ་ཡོད་པ་རེད། མཁས་ཐག་ཆོད་ནས་གསུང་རྒྱུ་མེད་ས་སྣེ་གཅིག་ཀྱང་ཡོད་པ་མ་རེད། ཅེས་དང་། དགེ་འདུན་ཆོས་འཕེལ་ལགས་དགེ་ལུགས་པ་རེད་དམ་ཟེར་ན། ངས་མ་རེད་ཟེར་གི་ཡིན། དངོས་གནས་རིས་མེད་ཀྱི་ཆོས་པ་ཞིག་རེད། རིས་སུ་མ་ཆད་པ་རེད། ས་དགེ་རྙིང་གསུམ་ལ་དད་པ་ཡོད་མཁན་ཞིག་རེད་མ་གཏོགས་མུ་སྟེགས་པ་རྩ་བ་ནས་མ་རེད། དེང་སང་ངས་བལྟ་བའི་སྐབས་སུ་རྙིང་ཕྱོགས་མ་རེད། ཁོང་ནི་ཇོ་ནང་བའི་ལྟ་བ་ལ་མཉེས་པོ་ཡོད་པ་རེད། ཅེས་དང་། ཆོས་ལུགས་དང་གྲུབ་མཐའི་འཐེན་འཛིན་རྩ་བ་ནས་ཡོད་པ་མ་རེད། གང་རེད་ཟེར་ན། ཁོ་རང་གིས་ཚང་མ་མཁྱེན་གྱི་ཡོད་པ་རེད། ཅེས་དང་། མི་རྒན་ཤེར་རྒྱམ་གྱིས། གསར་རྙིང་གི་བླ་མ་ཐམས་ཅད་ལ་རྒྱུ་མཚན་ཤེས་པའི་ཐུགས་དད་བསམ་གྱིས་མི་ཁྱབ་པ་མངའ་ཡང་། གཞན་ངོར་དད་པའི་ཟོལ་ཙམ་ཡང་མི་སྟོན། ཞེས་དང་། ཧོར་ཁང་བསོད་ནམས་དཔལ་འབར་ནས་ཀྱང་། དམ་པ་འདི་ཉིད་གསན་རྒྱ་ཤིན་ཏུ་ཆེ་ཞིང་། ལྷག་པར་ཆོས་ལུགས་ཀྱི་ལྟ་བའི་གནད་དོན་ཐད་ཐུགས་རྒྱུད་དྲང་ཞིང་གཟུར་གནས་ཀྱི་གསུང་མོལ་འབའ་ཞིག་མཛད་མཁན་ཞིག་དང་སྟོན་པ་བཅོམ་ལྡན་འདས་དང་། འཕགས་ཡུལ་གྱི་པཎ་གྲུབ། བོད་ཀྱི་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་སྔོན་བྱོན་མཁས་གྲུབ་རྣམས་ལ་ཐུགས་དད་ཚད་མེད་གནང་མཁན་ཞིག་ཡིན་ལ་གྲུབ་མཐའ་གཅིག་ལ་དད་ནས་གྲུབ་མཐའ་གཞན་ཞིག་ལ་མཐོང་ཆུང་མཛད་རྒྱུ་ལྟར་བཞག་ཐ་ན་གཞན་གྱིས་དེ་ལྟར་བྱས་ན་མི་དགྱེས་མཛད་མཁན་ཞིག་ཀྱང་ཡིན། ཞེས་གསུངས་པ་སོགས་ལས་དགེ་འདུན་ཆོས་འཕེལ་གྱི་རྒྱལ་བསྟན་རིས་མེད་ཀྱི་ལྟ་གྲུབ་བསྐྱངས་ལུགས་རྗེས་སུ་དཔོག་ནུས་སོ།། དེ་ཡང་ཇི་སྐད་དུ། དག་སྣང་ཕྱོགས་མེད་ནས་འབྱོངས་ཞིང་། སྒྲུབ་པ་སྣེ་གཅིག་ནས་ཡོད་དགོས་གསུངས་པ་ལྟར། བོད་ཀྱི་སྒྲུབ་བརྒྱུད་བརྒྱད་ཀྱི་ལྟ་གྲུབ་ལ་རྒྱུ་མཚན་ཤེས་པའི་ཆ་ནས་རིས་མེད་དུ་ཡིན་ཡང། རིས་མེད་ཡིན་ན་རང་ལ་ལྟ་གྲུབ་མེད་པ་མི་འགྲོ་སྟེ། དཔེར་ན། གྲོང་ཁྱེར་ཆེན་པོའི་དཀྱིལ་དུ་བགྲོད་པའི་ལམ་བུ་ཤར་ལྷོ་ནུབ་བྱང་ནས་ཡོད་ཀྱང་ནམ་ཞིག་རང་ཉིད་དཀྱིལ་དབུས་སུ་ཐོན་དགོས་ན་ངེས་པར་དུ་རང་ཉིད་གནས་སའི་ལམ་བུ་དེ་བསྙེགས་དགོས་པ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་ཀྱང་གྲུབ་མཐའ་སྣ་ཚོགས་རིས་སུ་མི་བོར་རུང་མཐར་ཐུག་རང་ལ་གཏད་ས་ནི་གཅིག་མེད་པ་མ་ཡིན་ཏེ། ཁོང་ཉིད་འདའ་ཁ་མར་རྗེ་རྟེན་འབྲེལ་བསྟོད་པ་དང་འཇུ་མི་ཕམ་གྱི་རྫོགས་ཆེན་སྨོན་ལམ་བཏོན་པ་ལས་ང་ཚོས་ཁོང་གི་བློ་ཕུག་གཏད་ས་མཐར་ཐུག་ནི་རྗེའི་དགེ་ལྡན་ལུགས་བཟང་དང་ཨོ་རྒྱན་པའི་གསང་སྔགས་རྙིང་མ་གཉིས་ཆ་ཡིན་པ་ཤེས་ནུས། ལར་ནས་གསར་རྙིང་ལུགས་གཉིས་ནི་ལམ་བུ་གཉིས་སུ་གྲུབ་མོད། ཆོས་ཀྱི་གནད་གསང་རྟོགས་པའི་མཁས་པ་མཆོག་གྱུར་ཁོང་ལྟ་བུའི་སྣང་ངོས་སུ་ལམ་རྣམ་པ་གཉིས་ལ་རང་བཞིན་གཅིག་ཏུ་གྱུར་ཡོད་དེ། རབ་བྱེད་ཞབས་བཏགས་མ་ལས་འབྲས་སྤུངས་ཀླུ་འབུམ་གྱི་ཁང་ཚན་རྒན་སྣང་ར་དགེ་འདུན་བཟོད་པ་ཡིས། ཁྱེད་དེ་རིང་འགྲོ་གི་ཡོད་ན་ང་གཉིས་རྟེན་འབྲེལ་ཞིག་ཡོད་ཟེར་ནས། ཨམ་ཕྲག་ནས་ཁ་བཏགས་ཞིག་བཏོན་ནས་ངའི་སྐེ་ལ་གཡོགས་སོང་། ང་ཀ་སྦུག་ལ་ཐེངས་མང་པོ་ཕྱིན་ཏེ་ངའི་སྐེ་ལ་ཁ་བཏགས་གཡོགས་མ་སོང་། དེ་རིང་ཁ་བཏགས་གཡོགས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ཟེར་ནས་དྲིས་པ་ཡིན། ང་རང་གཉིས་རྟེན་འབྲེལ་ཞིག་ཡོད་གཞན་གང་ཡང་མིན་ཟེར། ང་ད་ལྟ་མཆོད་མཇལ་ལ་འགྲོ་གི་ཡིན་ཁ་བཏགས་འདི་ཇོ་བོ་རིན་པོ་ཆེ་ལ་ཕུལ་གྱི་ཡིན་ཞུས་པ་ལ། ཁོང་གིས་བསམ་བློ་ཞིག་བཏང་ནས་སྡོད་ཀྱི་འདུག ཇོ་བོ་རིན་པོ་ཆེ་ལ་མ་ཕུལ་ཟེར། འོ་ན་གང་ལ་ཕུལ་དགོས་ཀྱི་རེད་ཞུས་པར། ཐོག་ཁ་ན་ཨོ་རྒྱན་རིན་པོ་ཆེ་ཞིག་འདུག་པ་དེ་ལ་ཕུལ་ཟེར། ངས་ཁྱེད་རང་གི་ཕ་རྙིང་མ་ཡིན་ཙམ་དེས་རེད། ངས་དེ་ལ་ཕུལ་གྱི་མིན་ཇོ་བོ་རིན་པོ་ཆེ་ལ་ཕུལ་གྱི་ཡིན་ཞུས་པར། གད་མོ་ཞིག་བགད་ནས་གཅིག་རེད་ཁྱད་པར་ཡོད་པ་མ་རེད་གསུངས་བྱུང་། ཞེས་བརྗོད་པ་ལས་རྣམ་པ་མི་འདྲ་བ་ལ་རང་བཞིན་གཅིག་ཏུ་དམིགས་པའི་ཚུལ་ལུགས་བརྗོད་ཡོད་དོ། །  

དད་པའི་སྨོན་ཡུལ།

   རྩོམ་པ་པོའི་ངོ་སྤྲོད་ཉུང་བསྡུས།
   ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ནི་རྔ་བ་ཁུལ་ཟུང་ཆུ་རྫོང་གི་མི་ཡིན་ཞིང་། ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཛིན་གཞོན་པ་དང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་དང་ཞུས་ཆེན་པའི་འགན་བཞེས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1