༄༅། །སྒྲུང་བ་སྐལ་བཟང་གྲགས་པ་རྗེས་སུ་དྲན་པ།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-18


བྱང་ཕྱོགས་ཁ་བ་ཅན་ནས་འཁྲུངས་ཤིང་། །

སྙན་གྲགས་ལྷོ་གླིང་ཁྱོན་ལ་ལྡིར་བའི། །

དུས་ཀྱི་དཔའ་བོ་གླིང་རྗེ་གེ་སར་། །

མེས་པོ་ཁྱད་པར་ཅན་དེར་འདུད་དོ། །

དེ་ཡི་རྣམ་ཐར་དཀར་པོའི་མཛད་འཕྲིན། །

ཚངས་དབྱངས་ངག་ལ་ཞུགས་པའི་འཕྲུལ་གྱིས། །

གངས་ཀྱི་རི་བོའི་ཁྱོན་ལ་སྒྲོག་པའི། །

སྒྲུང་བ་སྐལ་བཟང་གྲགས་པ་དྲན་ནོ། །

གང་གིས་གླིང་སྒྲུང་དབྱངས་སུ་གྱེར་དང་། །

གངས་ལྗོངས་རིག་གནས་སྒོ་ལྕགས་གྲོལ་བ། །

ལྷན་ཅིག་ཡིན་པའི་རྟེན་འབྲེལ་བསམས་ན། །

སྐལ་བཟང་གྲགས་དེ་མིང་དོན་མཚུངས་པ། །

ཁྱེད་ཀྱི་ཨ་ལའི་དབྱངས་རྟ་དྲན་ན། །

ཁྱེད་ཀྱི་ཐ་ལའི་ཉམས་འགྱུར་གླེང་ན། །

ཁྱེད་དང་འདྲ་བའི་གླིང་གི་སྒྲུང་མཁན། །

གངས་རིའི་ཁོར་ཡུག་འདི་ན་དབེན་སོང་། །

རམ་འདེགས་བྱེད་པའི་རོལ་མོ་མི་དགོས། །

སྒྲ་གདངས་སྐྱེད་པའི་སྐད་སྦུག་མི་དགོས། །

རྫས་སྦྱོར་སྐད་སྨན་ཁྱོན་ནས་མི་དགོས། །

རང་བྱུང་མགྲིན་པ་དྲི་ཟའི་གླིང་བུ། །

སློབ་རའི་གླིང་ནས་སྦྱང་བ་མ་བྱས། །

ཞིབ་འཇུག་ཚོད་ལྟ་ཡེ་ནས་མ་བྱས། །

སྒྲུང་ངག་དབྱངས་རྟ་ཐོལ་གྱིས་གྱེར་ལ། །

དམངས་ཁྲོད་འདི་ན་འགྲན་ཟླ་མ་མཆིས། །

ཁྲོམ་ཆེན་ཟིལ་གནོན་མགུར་ཐེངས་རེ་ལ། །

སྣང་སེམས་ཡེ་ནས་འགྱུར་དུ་འཇུག་ཐུབ། །

དགུ་སེང་དྲུག་འགྱུར་འགུག་ལུགས་རེ་རེས། །

ཡིད་ཀྱི་འགྱུ་བ་དབྱིངས་སུ་བསྟིམ་ནུས། །

ཐ་ལ་དྲུག་འགྱུར་གྱེར་ཚུལ་རེ་རེ། །

རྣ་བར་ལྷུང་ན་འཐེབ་རྩལ་རྒྱས་ཤིང་། །

དལ་བ་རིང་མོའི་ལྷོད་ཉམས་གཅིག་པུས། །

དཔའ་དང་མཛངས་པའི་བློ་རྒྱ་སྦྱིན་ཐུབ། །

ཞི་བའི་དབྱངས་ཀྱིས་དུང་བ་སྐྱེད་ལ། །

རྒྱས་པའི་ངག་རྟས་བ་སྤུ་གཡོ་ནུས། །

དབང་གི་སྙན་ཆས་ཡིད་དབང་འཕྲོགས་ཤིང་། །

དྲག་པོའི་ཉམས་ཀྱིས་གསོན་ཉམས་འདོན་ཐུབ། །

དགའ་སྐྱོ་ཁྲོ་གཏུམ་གང་གི་སྐབས་སུ། །

རང་རང་ཐད་ཀྱི་བྲོ་བ་གསོན་པོ། །

ནང་ནས་ཐོན་པའི་ངག་གི་སྒྱུ་རྩལ། །

ཁྱེད་མིན་སྒྲུང་མཁན་གཞན་ལ་མ་མཆིས། །

དེང་སང་མདོ་དབུས་ཁམས་གསུམ་ཀུན་ན། །

ཨ་ལ་ཐ་ལ་ལེན་མཁན་མང་ཡང་། །

ཁྱེད་ཀྱི་དབྱངས་དང་ཉམས་འགྱུར་དྲན་ན། །

སྣང་བ་སུན་པའི་རྒྱུ་ལས་ཅི་ཡོད། །

ད་ལྟ་གླིང་གི་གེ་སར་ཟེར་ནས། །

སྲེད་པའི་ལག་པ་བསྲིང་མཁན་མང་མོད། །

དོན་གྱི་གླིང་སྒྲུང་བསྟན་པ་སྤེལ་ལ། །

ཁྱེད་འདྲའི་སྒྲུང་བཤད་མཁན་པོ་སུ་ཡོད། །

གངས་ཅན་པ་དང་རྒྱ་སོག་གཙོས་པའི། །

ཕྱི་ནང་རྒྱལ་ཁག་གང་དང་གང་ན། །

གླིང་སྒྲུང་ཁ་ལ་ཁྱེར་མཁན་བདོ་ཡང་། །

ཁྱེད་ཀྱི་ངག་གིས་འཁྱོངས་འཁྱོངས་སུས་འཁྱོངས། །

དཀར་པོ་གླིང་གི་རྟེན་འབྲེལ་ལས་འཕྲོ། །

དོན་གྱིས་སད་རྒྱུ་ཡོད་པར་གྲུབ་ན། །

ཁྱེད་ཀྱི་ངག་གི་སྒྲུང་སྒོ་བརྒྱ་ཁྲི། །

རྩོལ་མེད་སད་པ་མིན་ན་ཅི་ཡིན། །

གྲུབ་མཐའི་དབང་གི་ཡུལ་ལུང་རེ་འགས། །

ཁྱེད་ཀྱི་མཚན་སྙན་འགོག་ཚུལ་སྲིད་མོད། །

ཁྱེད་ཀྱི་སྒྲུང་ངག་རླུང་འཕྲིན་བརྒྱུད་ནས། །

སྐྱེ་འགྲོའི་རྣ་བར་འཇེབས་པ་སུས་འགོག།

ཕྱོགས་ཞེན་དབང་གིས་ཁྱེད་ཀྱི་ལོ་རྒྱུས། །

སྐྱོན་གྱི་ཆ་ལ་སྦྱར་མཁན་སྲིད་མོད། །

ཁྱེད་ཀྱི་རང་བྱུང་ངག་གི་ཡོན་ཏན། །

ཆོལ་གསུམ་སྤྱི་ཡིས་བསྟོད་པ་མངོན་སུམ། །

གངས་ཅན་བོད་པའི་ཤི་ཤི་ཆགས་ཆགས། །

ཕྱིར་ལ་སྐྱེ་བ་ལེན་རྒྱུ་ཡོད་ཚོད། །

ཁྱེད་ཀྱི་སྒྲུང་ངག་ངོ་མ་ཐོགས་པའི། །

སྤྲུལ་བའི་སྐུ་ཞིག་མེད་དོན་ཅི་རེད། །

བོད་པ་ཚང་གི་མིང་ཅན་ཚང་མར། །

ཤི་བའི་རྗེས་སུ་དྲན་མཁན་མང་ན། །

སྒྲུང་མཁན་གྲགས་ཅན་ཁྱེད་རང་འདས་རྗེས། །

གླེང་མཁན་ཙམ་ཡང་མེད་པས་སྐྱོ་བ། །

རྫ་སྤང་མཚམས་ཀྱི་འབྲོག་སྡེ་ཁྲ་མོས། །

རྐ་ཚིགས་འགྲམ་གྱི་རོང་སྡེ་སྐྱ་མོས། །

རྣམ་ཐར་རེ་རེ་ཉན་པའི་རིན་ལ། །

རྗེས་དྲན་ལན་རེ་བབ་ཚོད་མིན་ནམ། །

ཨ་མདོའི་གླེན་ཕྲུག་སྒྲུང་དགའ་འཁྱམས་པོས། །

ཁྱེད་ཀྱི་སྒྲུང་རྟའི་སྒྱུ་རྩལ་དྲན་ཏེ། །

རྗེས་དྲན་ཐོལ་གཏམ་དབྱིངས་སུ་གྱེར་བ། །

སྙིང་གི་དུང་བ་མཚོན་པའི་སྐྱེས་ཡིན། །

སྙན་པའི་ངག་གི་འགྱུར་ཁུགས་འདི་མིན། །

སྡེབ་སྦྱོར་ཚིག་གི་ངོམ་སོ་འདི་མིན། །

བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་ཞིག །

དབྱིངས་སུ་ཡལ་བ་དྲན་པའི་ཚུལ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1