ཤར་རྒྱལ་མོ་རོང་གི་རྒྱན་གོས།

རྒྱལ་རོང་རྣམ་རྒྱལ། དཀོན་རྡོས་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


   སྐྱེས་པའི་རྒྱན་གོས།

   སྐྱེས་པའི་རྒྱན་གོས་སྐོར་ལ་སྟོད་གོས་དང་རྐང་སྣམ་ཕྱུ་བ་ཀོ་ལྷམ་བཅས་ནི་བོད་སྤྱི་དང་མི་འདྲ་སའི་ཁྱད་པར་ཆེན་པོ་དེ་ཙམ་མ་མཆིས་ཀྱང་། གཞན་དང་མཐུན་མིན་ཞིག་ནི་སྔོན་རྒྱལ་པོ་དང་རྒན་རབས་དག་གི་དབུ་ལ་དར་དཀར་རིང་ཐུང་འཚམ་པ་ཞིག་གིས་ལ་ཐོད་དཀྲི་སྲོལ་ཡོད་པར་བཤད། དེང་དུས་ཀྱང་དེའི་ཚུལ་དུ་མགོ་ལ་ཁྲུས་རས་ཨ་ཅོར་ཞིག་དཀྲིས་འདུག་པའི་སྐྱེས་པ་ཐར་ཐོར་མཐོང་རྒྱུ་ཡོད་པ་རེད། དེ་ནི་ཆེས་སྔ་མོའི་སྲོལ་རྒྱུན་ཞིག་ཡིན་འདུག་སྟེ། རྒྱལ་རོང་ཡོངས་ཀྱིས་བཀུར་སྟི་དང་མཆོད་གནས་ཚད་མེད་བྱེད་ས་གཅིག་ནི་ཨ་མྱེ་སྒོ་ལྡོང་ཟེར་བ་དེ་ཡིན་ཞིང། ཁོང་ནི་ཕར་ཆེར་རྒྱལ་མོ་རོང་གི་སྤྱི་རྗེ་རྒྱལ་པོ་རྣམས་མ་ཕེབས་ཡར་སྔོན་དུ་རྒྱལ་རོང་ལ་སྐུ་འཁྲུངས་པའི་གྲུབ་ཐོབ་ཅིག་ཡིན་ལས་ཆེ་ཞིང་ཁོང་གིས་སྲིན་པོ་མི་རྐུན་སོགས་བཏུལ་ནས་རྒྱལ་མོ་རོང་གི་ཞིང་ཁམས་བདེ་བར་བཀོད་པས། རྒྱལ་མོ་རོང་གི་སྐྱེས་བོ་ཡོངས་ཀྱིས་མཆོད་གནས་སུ་གྱུར་པ་རེད་འདུག ཁོང་རྒྱལ་པོ་ཡིན་པའི་གཏམ་རྒྱུད་མེད་ཀྱང་། སྔོན་སྲོལ་མ་ཉམས་པའི་བྲག་སྟེང་སོགས་ལ་ཁྱིམ་ནང་དུ་ཨ་མྱེ་སྒོ་ལྡོང་གི་སྐུ་བརྙན་རྒྱལ་པོའི་ཆ་བྱད་ཅན་དབུ་ལ་དར་དཀར་གྱི་ལ་ཐོད་དཀྲིས་ཡོད་པ་ཞིག་བྲིས་འདུག ལོ་སར་ལ་ཀུན་གྱིས་མར་མེ་དང་སྤོས་ཚན་ཆབ་དཀར་མངར་ཟས་ཀྱིས་མཆོད་པ་སོགས་མང་པོ་བཤམས་ནས་གུས་ཕྱག་དང་བཅས་མཆོད་འབུལ་བྱེད་སྲོལ་ཡོད། གཞན་སྔོན་བྱོན་རྒྱལ་གཤེན་མི་ལུས་བསམ་ལེགས་སོགས་ཞང་བོད་བོན་གཤེན་རིག་འཛིན་གོང་མ་རྣམས་ཀྱིས་ཀྱང་དབུ་ལ་དར་དཀར་གྱི་ལ་ཐོད་དཀྲིས་ཡོད་པ་ཇི་སྙེད་ཅིག་མཆིས་པ་དག་རྒྱུ་མཚན་དུ་བྱས་ནས་བཤད་ན། ལ་ཐོད་དབུ་ལ་དཀྲིས་པ་རྣམས་དཔྱད་རིན་ལྡན་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། གཞན་ཝ་ཞྭ་སོགས་གྱོན་སྲོལ་ཡོད་ཅིང་བཟོ་སྟངས་རྣམ་པ་སྤྱི་དང་མཐུན་ནོ། །

རྒྱལ་རོང་བུད་མེད།

   བུད་མེད་ཀྱི་རྒྱན་གོས།

   རྒྱལ་རོང་གི་བུད་མེད་རྣམས་ཀྱི་ཆས་གོས་ནི་སུ་དང་མི་འདྲ་གཞན་དང་མི་མཐུན་པའི་ངོ་མཚར་ལྡན་འདུག་སྟེ། དེ་ནི་སྔོན་བྱོན་ཡབ་མེས་རིག་ཅན་རྣམས་ཀྱིས་མཁའ་ལྡིང་རྒྱལ་པོ་ཁྱུང་ཆེན་གྱི་དབྱིབས་ནས་དཔེར་བླངས་ཏེ་བཟོས་པ་ཞིག་རྣམ་པ་ཀུན་ནས་མཚུངས་པ་མ་ཟད་མཛེས་རྩལ་གྱི་དཔལ་འབར་བ་ཞིག་ཀྱང་ཡིན། དེ་ལ་ནང་གསེས་སུ་སྨད་གོས་ནི། ཞིང་ཚད་ཁྲུ་ཙེ་བཞི་ཙམ་འཁོར་བའི་དབྱིབས་གྲུ་བཞི་སུལ་མ་ཅན་ཞིག་ཡིན། དེའི་རྒྱུ་ཆ་ནི་སྤུས་ལེགས་སྣམ་བུ་དང་གོས་ཆེན་གསོ་རས་སོགས་ཡིན་ཞིང་། སྨད་གོས་ཆེ་ན་སུལ་མ་ཉིས་བརྒྱ་ལྷག་དང་། ཆུང་ན་སུལ་མ་ཉིས་བརྒྱ་ཙམ་བཞག་པ་ལགས་ཤིང་གོན་དུས་སྐེད་པར་དཀྲིས་ཏེ་རིང་ཐུང་ས་ལ་མ་སླེབ་ཙམ་ནས་བཅིངས་ཡོད། སྨད་གཡོགས་དེ་ནི་བྱ་རྒྱལ་ཁྱུང་གི་མཇུག་སྒྲོ་ལ་དཔེར་བླངས་པའམ་མཇུག་སྒྲོ་མཚོན་པའོ། །ཡང་རྒྱབ་ལ་གོས་བེར་གྱོན་སྲོལ་ཡོད་པ་དང་། བེར་གྱི་རྒྱུ་ཆ་ཡང་སྣམ་བུ་དང་འབུ་རས་གསོ་རས་སོགས་ཡིན་ལ་གོས་བེར་གྱི་དབྱིབས་ཀྱང་གྲུ་བཞི་ཆེན་པོ་ཞིག་ཡིན་ཞིང་ལུས་ཕུང་ཡོངས་ཕལ་ཆེར་ཁེབས་པ་ཞིག་ཡོད་རེད། བེར་གྱི་རིགས་ལ་མི་འདྲ་བ་ཁ་ཤས་ཡོད་ཅིང་མི་འདྲ་སའི་ཁྱད་བོན་ནི་བེར་གྱི་རྒྱུ་ཆ་དང་མདོག་ཡིན་ཏེ། བེར་དཀར་དང་བེར་ནག་དང་། བེར་དཀར་ནག་ཁྲ་བོ་ཅན་དང་། བེར་དཀར་དམར་ཁྲ་བོ་ཅན་སོགས་སྣ་འགའ་ཡོད་རེད། བེར་དེ་དག་གང་བྱུང་དུ་གྱོན་སྲོལ་མེད་དེ། ལོ་ན་ཆེ་ཆུང་དང་བསྟུན་ནས་གང་ལ་གང་འཚམ་གྱོན་པ་ཡིན། བེར་དེ་དག་ནི་བྱ་ཁྱུང་གི་གཤོག་ཟུང་ལས་དཔེར་བླངས་བའམ་ཁྱུང་གཤོག་ལ་མཚོན་ཡོད། ཡང་བུད་མེད་རྣམས་ཀྱི་མགོ་རས་ཡང་། གདན་པ་རས་དཀར་ནག་གཉིས་ཏེ་རིགས་གཉིས་ཙམ་མཆིས། དབྱིབས་ནི་ལྟེབ་མ་གྲུ་བཞི་ཅན་ཞིག་དང་ལ་བཙས་ཞེས་པ་རྭའི་རྣམ་པར་བཀྲ་བ་གོས་སྐུད་མདོག་སྣ་ཚོགས་ཀྱིས་ཚེམ་དྲུབ་འབུར་མས་མཐའ་ནས་སྐོར་བ་ཡིན། ལ་བཙས་སམ་རྭའི་དབྱིབས་དེ་ཡང་ཁྱུང་རུ་མཚོན་གྱི་ཡོད་རེད། རྭའི་མཐར་སྐོར་དེ་དབུས་ན་གོས་སྐུད་སྣས་མེ་ཏོག་ཚེམ་དྲུབ་བྱས་པའང་ཡོད། ཡང་བུད་མེད་རྣམས་ཀྱི་སྐྲ་བསླས་མའི་ལན་བུའི་སྣེ་ན་སྐྲ་གཞུག་གམ་ཕོད་འཛར་ན་ཚོད་དང་བསྟུན་ནས་ནག་སྔོ་དམར་གསུམ་བཏགས་ཏེ་གཡས་འཁྱིལ་གྱི་ཚུལ་དུ་མགོ་རས་ཕྱི་ནས་དཀྲིས་ཏེ་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེའི་རྒྱན་ཆ་རྣམས་ལན་བུར་བརྒྱུས་ནས་རྒྱན་བཏགས་པ་ཡིན། དེ་ཡང་མགོ་དཀྲིས་ཕོད་འཛར་ནི་བྱ་ཁྱུང་གི་རལ་ཆེན་གྱི་ཚུལ་ལགས་ཤིང་རིན་པོ་ཆེའི་མགོ་རྒྱན་ནི་བྱ་ཁྱུང་གཙུག་གི་ནོར་བུར་མཚོན་པའོ། །

རྒྱལ་རོང་ས་ཁུལ་གྱི་བུད་མེད་ནར་སོན་པའི་བྱེད་སྒོའི་མགོ་རྒྱན།


རྒྱལ་རོང་བུད་མེད་ཀྱི་སྲོལ་རྒྱུན་གྱོན་ཆས།

   སྤྱིར་ན་རྒྱལ་ཁབ་དང་མི་རིགས་ནང་ནས་མཁའ་ལྡིང་ངམ་བྱ་ཁྱུང་བེད་སྤྱོད་བྱེད་མཁན་གཙོ་བོ་ནི་ཡུལ་ཆེན་བཅོ་བརྒྱད་ཀྱི་ལྟེ་བ་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་འབངས་མི་རིགས་རྣམས་ཡིན་པ་ནི་ཚང་མས་མཁྱེན་གསལ་ཡིན་པ་དང་། རྒྱུ་མཚན་དེ་ལྟར་ན། གངས་ཅན་ཤར་རྒྱལ་མོ་རོང་ཆེན་དུ་ཡ་ཐོག་གི་སྲོལ་རྙིང་མ་ཉམས་པ་ཆེས་ཡ་མཚན་དགོས་པའི་ཆས་གོས་དེ་ནི་རྒྱལ་པོ་བཞུགས་སྐབས་རྒྱལ་ས་དང་། དེ་མིན་དགོན་སྟོན་བག་སྟོན་ཁང་སྟོན་བཅས་ལ་གྱོན་པ་ཡིན། གོང་དུ་བཤད་མ་ཐག་པའི་ཆས་གོས་ཆ་ཚང་རེ་སྤྲས་པ་རྣམས་ཧོབ་ཏུ་མཐོང་ཚེ་ཕྱི་ནང་གི་མི་སུ་འདྲ་ཡིན་རུང་། དཀར་ནག་ཁྲ་གསུམ་གྱི་བྱ་ཁྱུང་ཁྱུ་གཅིག་འཚོགས་པའི་སྣང་བ་འཕྲལ་དུ་ཤར་སྲིད་པ་མ་ཟད་ལྟ་བས་ཆོག་མི་ཤེས་པའི་སྣང་བ་ཞིག་ཀྱང་ངང་གིས་སྟེར་ངེས་ཡིན། །  

གཟབ་མཆོར་སྤྲས་ཏེ་དུས་སྟོན་བསུ།


ཁྱུང་ཆེན་ལྡིང་འདྲའི་རྒྱལ་རོང་བུད་མེད་ཀྱི་ཆས་གོས། ལིའུ་ཀྲུང་ཅུན་གྱིས་པར་བླངས།


རྒྱལ་རོང་བུད་མེད་ཀྱི་གྱོན་ཆས་དེ་བས་ལྟ་ན་སྡུག


རྒྱལ་རོང་གི་སྐྱེས་པའི་གྱོན་ཆས།


གཟབ་མཆོར་སྤྲས་པའི་རྒྱལ་རོང་ཡུལ་གྱི་མཛེས་མ། ནུའུ་ཀྲུང་ཅིང་གིས་པར་བླངས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1