བ་ཡི་ལང་ཚོ་བའི་ལྐོག་གྱུར་གྱི་བཞིན་རས།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


གནའ་ཤུལ་ནས་ཐོན་པའི་གནའ་རྫས་ཆག་རོ། 

   སྤྱིར་བ་ཡི་ལང་ཞེས་པའི་ཚོ་པ་དེ་གནའ་བོའི་ཚོ་པ་ཞིག་ཡིན་ལ། རྒྱ་ཡིག་གི་ཧན་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དུ་བ་ཡི་ལང་གི་སྐོར་གྱི་ལོ་རྒྱུས་བཀོད་ཡོད། ཆེད་ལས་མཁས་པ་ཚོའི་ལྟ་ཚུལ་ལ་བ་ཡི་ལང་འདི་ཐོག་མར་དེང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་བ་ཡན་རི་བོའི་རྒྱུད་ནས་དར་བ་ཞིག་ཡིན་པ་དང་། ཕལ་ཆེར་ཏུང་ཧན་གྱི་དུས་སྐབས་ཡས་མས་སུ་ཁོ་ཚོ་ལྷོ་ཕྱོགས་སུ་གནས་སྤོས་ཏེ་ད་ལྟའི་འབའ་ཐང་སོགས་སུ་སླེབས། བ་ཡི་ལང་དང་རྒྱ་ནག་བར་ཏུང་ཧན་ནས་བཟུང་ཕན་ཚུན་ཇ་ཚྭ་དར་གོས་སོགས་བརྗེ་རེས་བྱེད་པའི་ལོ་རྒྱུས་ཡོད་ལ་ད་དུང་བ་ཡི་ལངགི་ཕོ་ཉས་རྒྱ་ནག་རྒྱལ་པོར་སྙན་རྩོམ་ཞིག་ཀྱང་ཕུལ་བའི་ལོ་རྒྱུས་རྒྱ་ནག་གི་ཡིག་ཚང་ནང་དུ་བཀོད་འདུག སྐབས་དེར་ད་སྐབས་ཀྱི་དཀར་མཛེས་ཁུལ་ཉག་ཆུ་རྫོང་གི་མགོ་ལོག་ཡུལ་ཤོག་གི་ཁོངས་སུ་བ་ཡི་ལང་ཚོ་པ་གནས་སྡོད་བྱེད་སའི་ས་གནས་གཙོ་བོར་གྱུར་བས་ད་ལྟ་ལའང་ས་གནས་དེ་ལ་མགོ་ལོག་ཅེས་མིང་ཐོགས་ཡོད། བོད་བཙན་པོའི་སྟོབས་ཤུགས་ཀྱིས་བ་ཡི་ལང་རྒྱལ་ཁབ་བོད་ཆེན་པོའི་ཁྱབ་ཁོངས་སུ་བསྡུས་པ་དང་། དུས་རབས་10པ་ནས་བཟུང་བ་ཡི་ལང་གི་ལོ་རྒྱུས་གསལ་པོ་ཞིག་རྒྱ་བོད་ཡིག་ཚང་གང་དུའང་བཀོད་ཡོད་པ་མཐོང་ལམ་དུ་མ་གྱུར།

གནའ་རྫས་རྙེད་སའི་རྗེས་ཤུལ། 

    2012ལོའི་ཟླ་བ་8པའི་ནང་། རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་དཀར་མཛེས་ཁུལ་གྱི་ཉག་ཆུ་རྫོང་དུ་གནའ་རྫས་རྟོག་ཞིབ་གནང་བར་ཕེབས། ཁོང་གི་གུར་གུམ་སྟེང་གི་གནའ་ཤུལ་རྙིང་པ་ཞིག་ལས་རྙེད་པའི་རྫ་བཟོས་འདྲ་འབག་འབོར་ཆེན་ལ་རྟོག་ཞིབ་ནན་པོ་གནང་རྗེས། གནའ་རྫས་དེ་དག་ནི་དུས་རབས་དགུ་པ་ཙམ་གྱི་སྐབས་སུ་བ་ཡི་ལང་རྒྱལ་ཁབ་ཀྱི་(白狼国)ཡིན་པ་ངོས་འཛིན་གནང་།

བ་ཡི་ལང་ཚོ་བའི་རྗེས་ཤུལ་རྙེད་གནས་གུར་གུམ་སྟེང་གི་མཛེས་ལྗོངས།

   གུར་གུམ་སྟེང་ནི་ཉག་ཆུ་རྫོང་མགོ་ལོག་ཡུལ་ཤོག་ཏུ་པདྨ་འདབ་བརྒྱད་ཀྱི་དབྱིབས་སུ་ཆགས་ཡོད་ཅིང་། རྒྱ་ཁྱོན་ལ་སྨི་8000ཙམ་ཡོད། འདི་ན་མཁར་ཤུལ་ཞིག་རལ་30ཙམ་ཡོད་ཅིང་ས་གནས་དེའི་ཡུལ་མི་ཚོས་ཀྱང་མཁར་ཤུལ་རྙིང་པ་རྣམས་བྱུང་བའི་དུས་རབས་དང་འདས་པའི་ལོ་རྒྱུས་ཤེས་བཞིན་མེད། ལོ་ཤས་སྔོན་དུ་ཚོང་པ་ཞིག་གིས་འདི་ནས་དགོན་ཤུལ་ཞིག་བརྐོས་པས་དེ་ལས་རྫ་བཟོས་མིའི་འདྲ་གཟུགས་མང་དག་ཐོན། རྗེས་སུ་དངོས་པོ་དེ་རྣམས་དགོན་གསར་དགོན་དུ་བཞག་པས་དགོན་པས་ཉར་ཚགས་ལེགས་པོར་གནང་ཡོད་འདུག

  དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་ས་གནས་དེ་གར་རྟོག་ཞིབ་གནང་སྐབས་དངོས་པོ་དེ་རྣམས་ལ་བརྟག་དཔྱད་ནན་མོར་བྱས། གནའ་རྫས་བུད་སའི་དགོན་ཤུལ་དུ་ད་དུང་རྫ་བཟོས་གནའ་རྫས་འཐོར་པོ་ཁ་ཤས་མཐོང་ཐུབ་པ་དང་། མཁར་ཤུལ་དེ་དག་ནང་ལ་སོམ་སྡོང་མཐོ་ཚད་སྨི་15ཙམ་དང་ཞེང་ཁ་སྨི་3ཙམ་ཡོད་པ་རྣམས་སྐམ་ནས་འགྱེལ་འདུག་པ་ཁོ་ན་ལ་དཔྱད་ན་དགོན་པའི་གནའ་ཤུལ་ནས་སྐྱེས་ཤིང་དེ་དག་མ་མཐའ་ཡང་ལོ་ལྔ་བརྒྱའམ་དྲུག་བརྒྱ་སོང་ཡོད་པ་ཤེས་ཐུབ།

      ད་ཐེངས་ས་འོག་ནས་རྙེད་པའི་གནའ་རྫས་ནི་དུས་རབས་9པ་ཙམ་གྱི་བ་ཡི་ལང་མིའི་འཚོ་བ་དངོས་མཚོན་པའི་རྫ་བཟོས་མིའི་འདྲ་འབག་དང་རུས་ཆས། རིན་པོ་ཆེའི་རིགས་སོགས་ཡོད། ཁོ་ཚོའི་སྐྲ་བཞག་སྟངས་ཀྱང་བོད་བཙན་པོའི་དུས་སྐབས་ཀྱི་སྲོལ་དང་ཧ་ཅང་འདྲའོ། །

      ཉག་ཆུ་རྫོང་གི་ལོ་རྒྱུས་ནང་དུ་བཀོད་པ་ལྟར་ན། ཏུང་ཧན་དུས་སུ་ཉག་ཆུའི་ཤར་ལྷོ་ཕྱོགས་ནི་ནོར་ཕྱུགས་རྒྱལ་པོའི་(ད་ལྟའི་གཡག་རྔའི་ཧན་ཡོན་དང་ཞི་ཁྲང་སོགས་ལ་ཟེར།)མངའ་ཁོངས་ཡིན་ཞིང་ཉག་ཆུའི་ལྷོ་ཕྱོགས་ནི་བ་ིཡ་ལང་རྒྱལ་པོའི་ས་གནས་ཡིན། ཐང་རྒྱལ་རབས(སྤྱི་ལོ་667ལོར།)ཉག་ཆུའི་ཤར་ལྷོའི་ས་ཆ་ཚང་མ་བོད་བཙན་པོའི་ས་ཁོངས་སུ་བསྡུས་ཡོད་ཅེས་བཀོད་ཡོད། །  

ས་འོག་ནས་ཐོན་པའི་རྫ་བཟོས་མིའི་འདྲ་གཟུགས་སྣ་ཚོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1