རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཆེན་ཡིན།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22



   ཅི་ཞིག་ལ་རྩ་ཁྲིམས་ཟེར། རང་རྒྱལ་གྱི་རྩ་ཁྲིམས་དང་པོ་དེ་གང་གི་ལོར་གཏན་འབེབས་བྱས་པ་རེད། ད་སྤྱོད་གྱི་རྩ་ཁྲིམས་འདི་གང་གི་ལོར་ཁྱབ་བསྒྲགས་བྱས་པ་རེད།

   རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ཞིང་། རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་སྤྱི་དམངས་ཀྱི་རྩ་བའི་དབང་ཆ་དང་རྩ་བའི་འོས་འགན་སོགས་གཅིག་བསྡུས་སུ་གཏན་འབེབས་བྱས་ཡོད། རྩ་ཁྲིམས་ནི་རྩ་བའི་ཁྲིམས་ཆེན་ཡིན། ཆེས་མཐོ་བའི་བཅའ་ཁྲིམས་ཀྱི་ནུས་པ་ཡོད།
   རང་རྒྱལ་གྱི་རྩ་ཁྲིམས་དང་པོ་ནི་1954ལོར་གཏན་འབེབས་བྱས་པ་ཡིན་ཞིང་། ད་སྤྱོད་ཀྱི་རྩ་ཁྲིམས་ནི་1982ལོར་གཏན་འབེབས་བྱས་ལ། རྗེས་ནས་བཟོ་བཅོས་དང་ཁ་གསབ་ཐེངས་བཞི་བྱས་ཡོད།
   རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ངོ་བོ་ཅི་ཞིག་ཡིན། སྲིད་དབང་རྩ་འཛུགས་བྱེད་སྟངས་ཅི་འདྲ་རེད།
   རང་རྒྱལ་གྱི་ད་སྤྱོད་ཀྱི་《རྩ་ཁྲིམས》ཀྱི་དོན་ཚན་དང་པོའི་གཏན་འབེབས་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བཟོ་བའི་གྲལ་རིམ་གྱི་འགོ་ཁྲིད་བྱེད་ཅིང་། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་ཡིན། རྩ་འཛུགས་དང་མི་སྒེར་གང་ཡིན་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཏོར་བརླག་བྱ་མི་རུང་།
   རང་རྒྱལ་གྱི་སྲིད་དབང་རྩ་འཛུགས་བྱེད་སྟངས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཡིན། རྒྱལ་ཁབ་ཀྱི་དབང་ཆ་ཚང་མ་དམངས་གཙོས་འདེམས་བསྐོ་བྱེད་པའི་རྨང་གཞིའི་ཐོག་འཐུས་མི་འདེམས་ནས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྲུབ་ཅིང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་མི་དམངས་ལ་འགན་ལེན་བྱེད་རྒྱུ་དེ་ཡིན།
   རང་རྒྱལ་གྱི་རྩ་བའི་དཔལ་འབྱོར་ལམ་ལུགས་ཅི་འདྲ་རེད།
   རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་གྱི་རྨང་གཞི་ནི་ཐོན་སྐྱེད་རྒྱུ་ཆ་སྤྱི་ཚོགས་རིང་ལུགས་སྤྱི་ལ་དབང་བའི་ལམ་ལུགས་ཡིན་ཏེ། དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་ངལ་རྩོལ་མང་ཚོགས་ཁག་ལ་དབང་བའི་ལམ་ལུགས་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་དུས་སྐབས་སུ། རང་རྒྱལ་གྱིས་སྤྱི་ལ་དབང་བ་གཙོ་བོ་དང་། དབང་བའི་ལམ་ལུགས་སྣ་མང་ཐུན་མོང་གོང་སྤེལ་གཏོང་བའི་རྩ་བའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོ་ཡིན་ཞིང་བགོ་བཤའི་བྱེད་སྟངས་སྣ་མང་མཉམ་གནས་ཀྱི་བགོ་བཤའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་རེད།
   མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་དེ་ཅི་ཞིག་རེད།
   མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་ཏུ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྨང་གཞི་ཡིན་ཞིང་། དེ་དང་མཐུན་པའི་རང་སྐྱོང་ས་གནས་གསར་སྐྲུན་དང་། རང་སྐྱོང་ལས་ཁུངས་གསར་འཛུགས་བྱས་ཏེ། རང་སྐྱོང་དབང་ཆ་སྤྱད་ནས་ས་ཁོངས་རང་སྐྱོང་གི་མི་རིགས་ཀྱི་མི་དམངས་ཀྱིས་མི་རིགས་རང་གི་ས་གནས་ཅན་གྱི་ལས་དོན་རང་བདག་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པ་དེ་ཡིན།
   ཅི་ཞིག་ལ་སྤྱི་དམངས་ཟེར། རང་རྒྱལ་གྱི་སྤྱི་དམངས་ལ་གཞི་རྩའི་དབང་ཆ་གང་དག་ཡོད།
   སྤྱི་དམངས་ནི་རྒྱལ་ཁབ་ཅིག་གི་རྒྱལ་ཁོངས་ལྡན་པར་མ་ཟད། དུ་དུང་དེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་དབང་ཆ་ཡོད་པ་དང་འོས་འགན་ཡང་འཁུར་བའི་རང་བྱུང་མི་དེ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ལྡན་པའི་མི་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན། སྤྱི་དམངས་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་གཏན་འབེབས་བྱས་པའི་དབང་ཆ་ཡོད་ལ། དུས་མཚུངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ལས་གཏན་འབེབས་བྱས་པའི་འོས་འགན་ངེས་པར་དུ་སྒྲུབ་དགོས།

   རང་རྒྱལ་གྱི་སྤྱི་དམངས་ཀྱི་རྩ་བའི་དབང་ཆ་གཙོ་བོ་འདི་དག་ཡོད་དེ། (གཅིག)འདྲ་མཉམ་གྱི་དབང་ཆ། (གཉིས།)ཆབ་སྲིད་དབང་ཆ་དང་རང་དབང་། (གསུམ།)ཆོས་ལུགས་དད་མོས་རང་དབང་། (བཞི།)མི་ལུས་རང་དབང་།(ལྔ།)སྤྱི་ཚོགས་དཔལ་འབྱོར་གྱི་དབང་ཆ། (དྲུག)རིག་གནས་སློབ་གསོའི་དབང་ཆ།(བདུན།)ལྟ་སྐུལ་དབང་ཆ་དང་སྐྱིན་ཚབ་ལེན་དབང་།

   སྤྱི་དམངས་ཀྱི་ཆོས་དད་རང་དབང་དེ་ཅི་རེད།
   ཆོས་དད་རང་དབང་ནི་སྤྱི་དམངས་ཀྱིས་དད་སེམས་ལྟར་རང་མོས་སྒོས་ཆོས་དད་བྱེད་པའི་རང་དབང་དེ་ཡིན། 《 རྩ་ཁྲིམས།》ཀྱི་དོན་ཚན་36པའི་གཏན་འབེབས་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་རང་དབང་ཡོད་པ་སྟེ། སྤྱི་དམངས་ཚོས་རང་གི་བསམ་ཚུལ་ལྟར་ཆོས་དད་རང་དབང་ངམ་ཆོས་ལ་མི་དད་པའི་རང་དབང་ཡོད་པ་དང་། ཆོས་ལུགས་འདི་ལ་དད་པའི་རང་དབང་ཡོད་ཅིང་ཆོས་ལུགས་དེ་ལ་མི་དད་པའི་རང་དབང་ཡང་ཡོད། ཆོས་ལུགས་གཅིག་གི་ནང་དུ་གྲུབ་མཐའ་འདི་ལ་དད་པའི་རང་དབང་ཡོད་ལ། གྲུབ་མཐའ་དེ་ལ་མི་དད་པའི་རང་དབང་ཡང་ཡོད། སྔོན་ཆད་ཆོས་ལ་དད་ཀྱང་ད་ལྟ་ཆོས་ལ་མི་དད་པའི་རང་དབང་ཡོད་ཅིང་། སྔོན་ཆད་ཆོས་ལ་མི་དད་ཀྱང་ད་ལྟ་ཆོས་ལ་དད་པའི་རང་དབང་ཡང་ཡོད།
   སྤྱི་དམངས་ཀྱི་རྒྱུ་ནོར་དབང་ཆ་དེ་ཅི་རེད།
   རྒྱུ་ནོར་དབང་ཆ་ནི་སྤྱི་དམངས་ཀྱིས་དེའི་ཁྲིམས་མཐུན་རྒྱུ་ནོར་རོལ་བར་ཁྲིམས་འགལ་བཙན་འཛུལ་མྱོང་མི་དགོས་པའི་ཐོབ་དབང་དེ་ཡིན། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་ཁྲིམས་མཐུན་རྒྱུ་ནོར་གྱི་ཐོབ་དབང་དང་སྒེར་དབང་རྒྱུ་ནོར་གྱི་བརྒྱུད་འཛིན་དབང་ཆ་དང་། སྒེར་གཉེར་དཔལ་འབྱོར་དང་སྒེར་གྱི་དཔལ་འབྱོར་གྱི་ཁྲིམས་མཐུན་དབང་ཆ་དང་ཁེ་ནུས་བཅས་ལ་སྲུང་སྐྱོང་བྱེད་པ། སྤྱི་དམངས་རང་གི་སྒེར་ཐོབ་རྒྱུ་ནོར་དེ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་འོག་ཏུ་ཁྲིམས་ལྟར་གཉེར་སྐྱོང་དང་བརྒྱུད་འཛིན་བྱེད་ཆོག་ཅིང་། རྩ་འཛུགས་དང་མི་སྒེར་གང་ཡིན་ཡང་བཙན་བཟུང་། ཧམ་འཕྲོག་གམ་ཡང་ན་ཁྲིམས་འགལ་གྱི་རྒྱ་བཏབ་པ། བཙན་ཉར། བསྡམས་བཅད། གཞུང་བཞེས་གཏང་བ་བཅས་གཏན་ནས་མི་ཆོག
   སྤྱི་མངས་ཀྱིས་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་འོས་འགན་གང་ཡིན།
   སྤྱི་དམངས་ལ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་འོས་འགན་ཡོད་པ་ནི། སྤྱི་དམངས་ལ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་བཏོན་པའི་སློབ་གྲྭ་རིགས་སོ་སོ་དང་ལས་ཁུངས་ནང་རིག་གནས་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པའི་དབང་ཆ་ཡོད་པ་དང་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་ཁྲིམས་ལྟར་བྱེད་སྟངས་སྣ་མང་གི་སློབ་གསོ་དང་ལེན་བྱེད་པའི་འོས་འགན་ཡོད་པ་དེ་ཡིན། དེའི་ནང་སློབ་ན་མི་སོན་པའི་བྱིས་པར་སློབ་ན་མ་སོན་གོང་གི་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཡོད་པ་དང་། སློབ་རན་བྱིས་པར་དམའ་རིམ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་འོས་འགན་ཡང་ཡོད། སྤྱི་དམངས་ལ་འབྲིང་རིམ་སློབ་གསོ། ལས་རིགས་སློབ་གསོ་དང་མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་དང་གོ་སྐབས་ཡོད་ཅིང་། དར་མ་ལ་དར་མའི་སློབ་གསོ་དང་ལེན་བྱེད་པའི་དབང་ཆ་ཡོད་པ་དང་། སྤྱི་དམངས་ལ་ཚོགས་ཁག་དཔལ་འབྱོར་རྩ་འཛུགས་དང་རྒྱལ་ཁབ་ཁེ་ལས་དོན་ལས་རྩ་འཛུགས་དང་སྤྱི་ཚོགས་ནུས་ཤུགས་གཞན་པས་ཚོགས་པའི་སློབ་གསོ་ལས་ཁུངས་ནས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཡོད། ལས་ཞུགས་སྔོན་གྱི་སྤྱི་དམངས་ལ་དགོས་ངེས་ཀྱི་ངལ་རྩོལ་སྦྱོང་བརྡར་དང་ལེན་བྱེད་པའི་དབང་ཆ་དང་འོས་འགན་ཡང་ཡོད།
   རང་རྒྱལ་གྱི་སྤྱི་དམངས་ལ་གཞི་རྩའི་འོས་འགན་གང་དག་ཡོད།
   རང་རྒྱལ་གྱི་སྤྱི་དམངས་ལ་གཞི་རྩའི་འོས་འགན་གཤམ་གྱི་ཕྱོགས་འགར་གཏོགས་པ་སྟེ།
  (གཅིག) རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པ།
  (གཉིས།) རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་ཅིང་། རྒྱལ་ཁབ་ཀྱི་གསང་དོན་སྲུང་བ། སྤྱི་པའི་རྒྱུ་ནོར་གཅེས་སྤྲས་བྱེད་པ། ངལ་རྩོལ་སྒྲིག་ལམ་བརྩི་སྲུང་བྱེད་པ། སྤྱི་པའི་གོ་རིམ་སྲུང་བ། སྤྱི་ཚོགས་ཀྱི་སྤྱོད་བཟང་ལ་བརྩི་བཀུར་བྱེད་པ།
  (གསུམ།) རྒྱལ་ཁབ་ཀྱི་བདེ་འཇགས་མཚན་སྙན་དང་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པ།
  (བཞི།) མེས་རྒྱལ་སྲུང་སྐྱོབ། བཅའ་ཁྲིམས་ལྟར་དམག་སྐུལ་དང་ལེན་དང་དམངས་དམག་གི་རྩ་འཛུགས་སུ་ཞུགས་པ།
  (ལྔ། ) ཁྲིམས་ལྟར་ཁྲལ་བསྡུ་བ།
  (དྲུག) ཕྱོགས་གཞན་དག་གི་གཞི་རྩའི་འོས་འགན་བཅས་སོ།
   སྤྱི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཐད་ལ་འོས་འགན་གང་དག་ཡོད།

   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད། རྒྱལ་ཁབ་གཅིག་གྱུར་དང་། རྒྱལ་ནང་གི་མི་རིགས་ཁག་མཐུན་སྒྲིལ་ཡོང་བ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་ལས་དོན་འཛུགས་སྐྲུན་ཐད་རྒྱལ་ཁ་ཐོབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། རྒྱལ་ཡོངས་མི་དམངས་བདེ་སྡོད་ལས་བརྩོན། བདེ་སྐྱིད་ངང་འཚོ་བ་རོལ་ཐུབ་པའི་ཆ་རྐྱེད་དང་པོ་ཡིན། དེར་བརྟེན་སྤྱི་དམངས་ཚང་མས་རང་མོས་སྒོས་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་མཐུན་སྒྲིལ་ལ་ངེས་པར་དུ་སྲུང་སྐྱོང་བྱེད་ཅིང་། རྒྱལ་ཁབ་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ཐད་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་ངེས་པར་དུ་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་གཙོ་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོང་བྱེད་པ་དེ་ཡིན། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་ནི་སྤྱི་དམངས་ཚང་མར་མི་རིགས་ཁག་གི་བར་གྱི་འདྲ་མཉམ། མཐུན་སྒྲིལ་དང་རོགས་རེས་ཀྱི་འབྲེལ་བ་སྲུང་སྐྱོང་བྱེད་པའི་འགན་ཁུར་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་པ་དང་མི་རིགས་ཁ་བྲལ་བཟོ་བའི་གཏམ་སྤྱོད་ཚང་མ་དང་འཐབ་རྩོད་བྱ་དགོས་པ་དེ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1