སྣང་ཞིག་དགོན་པ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


        གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་མདོ་སྨད་སྣང་ཞིག་དགོན་ཆེན་ནི་སྤྱི་ལོ་1028ལོར་ཡབ་ཀླུ་རྒྱལ་སྐྱབས་དང་ཡུམ་ཉི་མ་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་པའི་ཡབ་རྗེ་སྣང་ཞིག་དོ་འཕགས་ཆེན་པོས་ཨ་མདོ་རྔ་བ་བར་མ་རུ་སྣང་ཞིག་མི་རྒྱབ་ཚང་གི་ཁྱིམ་གཞི་གསར་དུ་བཟུང་བ་དང་། ཁོང་གི་སྲས་གསུམ་གྱི་ཆེ་བ་བྱ་ཆེན་ཉི་མ་འཛིན་གྱིས་སྤྱི་ལོ་1108ལོར་མཆོད་ཞིང་དཀྱིལ་དུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ཕྱག་བཏབ་གནང་། དེ་ནས་མདོ་སྨད་སྣང་ཞིག་ཆེན་པོའི་གདུང་རབས་རིམ་བྱོན་གྱིས་རྒྱལ་བསྟན་འཛིན་སྐྱོང་དང་སྒོམ་སྒྲུབ་ཉམས་ལེན་གྱི་སྡེ་ཇེ་རྒྱས་སུ་བཏང་སྟེ་མདོ་སྨད་སྣང་ཞིག་དགོན་ཆེན་ཞེས་ཡོངས་སུ་གྲགས་པ་རེད། ལྷག་པར་དུ་གདུང་རབས་ཉེར་དགུ་བ་སྣང་ཞིག་རིན་ཆེན་རྒྱལ་མཚན་གྱིས་སྤྱི་ལོ་1766ལོར་གཡས་རུ་མན་འདལ་ལྟ་བུའི་སྒང་དུ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་དགོན་གནས་གསར་སྤོར་བྱས་ཏེ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་ངམ་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་གཡུང་དྲུང་གླིང་ཞེས་གསོལ། གདུང་རབས་སོ་དྲུག་པ་རྒྱལ་བ་གཉིས་པ་དངོས་བྱོན་སྣང་སྟོན་ནམ་མཁའ་བློ་གྲོས་ཀྱིས་གྲྭ་ས་ཡ་བཞིའི་ནང་ཚན་རབ་ལེགས་གཡུང་དྲུང་གླིང་ནས་ཡོངས་འཛིན་དཔོན་སློབ་ཤེས་རབ་གྲགས་པ་གདན་དྲངས་ཏེ། སྤྱི་ལོ་1919ལོར་ལུང་མཚན་ཉིད་བཤད་སྒྲུབ་རྩོད་སྤོང་གི་སྡེ་གསར་དུ་བཙུགས། དེ་ནས་གྲྭ་སའི་ཕྱག་སྲོལ་བཞིན་སྣང་ཞིག་དགོན་ཆེན་དུ་གླིང་ཚན་གཉིས་དང་། ཁམས་ཚན་བཞི་བྱས་ཏེ་བཤད་སྒྲུབ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྡེ་འཕེལ་རྒྱས་སུ་བཏང་བར་མ་ཟད། བཤད་སྒྲུབ་ཟུང་དུ་སྤྱོད་པའི་དགོན་སྡེ་ཆེན་མོ་ཞིག་ཏུ་བསྒྱུར། དེ་བཞིན་བཤད་སྒྲུབ་ཉིས་ལྡན་གྱི་དགོན་སྡེ་འདི་ཉིད་རིག་གསར་རྗེས་ཀྱི་བསྟན་པ་ཕྱི་དར་སྐབས་སུ་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་དང་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་ཟུང་གིས་གཟིགས་རྟོག་འོག་ནས་བཤད་པ་འཆད་ཉན་དང་སྒྲུབ་པ་ཉམས་ལེན་གྱི་སྡེ་གཉིས་སུ་ཕྱེས་ཏེ་སྐྱོང་བཞིན་ཡོད་ལ། སྤྱི་ལོ་2001ལོ་ནས་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཟུང་གིས་ཐུགས་བཀོད་ལྟར། མདོ་དབུས་ཁམས་གསུམ་གྱི་སློབ་གཉེར་བ་རྣམས་ཀྱི་དགོས་དམིགས་དང་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་གྱི་ཆེད་དུ་སྣང་ཞིག་དགོན་དུ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གསར་དུ་བཙུགས་ཏེ་བཤད་སྒྲུབ་ཉིས་ལྡན་གྱི་སྡེ་ཇེ་རྒྱས་སུ་བཏང་། ད་ལྟ་སྣང་ཞིག་དགོན་ཆེན་དུ་གྲྭ་ཚང་སྟོང་ཕྲག་གཅིག་ལ་ཉེ་བ་དང་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་དགོན་སྡེ་ལྔ་བཅུ་ལྷག་ནས་ཕེབས་པའི་སློབ་གཉེར་བ་བཞི་བརྒྱ་ལྷག་དང་། དགེ་རྒན་ཆེ་ཆུང་ཉེར་ལྔ་བཞུགས་ནས་ཡོད། སློབ་གླིང་དེ་ནས་སློབ་མཐར་ཕྱིན་པའི་སློབ་མ་བཤད་གྲྭ་བ་དང་སྒྲུབ་གྲྭ་བ་ཉིས་བརྒྱ་ཙམ་ཞིག་ཡོད་དོ། དེ་བཞིན་སྣང་ཞིག་དགོན་ཆེན་དུ་མཚན་ཉིད་དཔོན་སློབ་ཁྲི་རབས་ཉི་ཤུ་དང་། དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་དགེ་བཤེས་ཉིས་བརྒྱ་ཙམ་སོང་ཡོད་པའོ། ། མདོར་ན་ད་ལྟའི་བསྟན་པའི་བདག་པོ་སྣང་ཞིག་གདུང་རབས་སོ་དགུ་པ་གོང་ས་སྐྱབས་མགོན་བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གིས་བཤད་སྒྲུབ་ཉིས་ལྡན་གྱི་དགོན་སྡེ་འདི་ལ་གཟིགས་རྟོག་དང་ལུགས་གཉིས་ཀྱི་འགན་ཡོངས་སུ་བཞེས་བཞིན་པ་ལགས་སོ། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1