སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ལྷ་ས་ནས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།   སྤེལ་དུས། 08-23


        ཟླ་8པའི་ཚེས་19ཉིན་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་གནང་བའི“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པའི་སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ལྷ་ས་ནས་འཚོགས། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ལྗོངས་ཕྱིར་བསྒྲགས་པུའུ། ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣ་དང་བྱ་འགུལ་གཙོ་སྒྲུབ་ལས་ཁུངས་ཀྱི་འཐུས་ཚབ་པ་རྣམས་ཐེངས་འདིའི་སྒོ་དབྱེའི་མཛད་སྒོར་ཞུགས།
སྒོ་དབྱེ་མཛད་སྒོའི་ཡུལ་དངོས། 
          “ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པའི་སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་བྱེད་པ་ནི་གོམ་གང་མདུན་སྤོས་ཀྱིས་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཇེ་ལེགས་སུ་གཏོང་བ་དང་། བོད་ལྗོངས་ཀྱི་རིག་གནས་ཕྱི་རུ་འགྲེམ་པའི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་ཤུགས་གོང་མཐོར་གཏོང་བ་དེ་ཡིན། འགྲེམས་སྟོན་འདི་ནི་བོད་རང་སྐྱོང་ལྗོངས་ནས་བསྒྲུབ་པའི་གཞི་རྒྱ་ཆེས་ཆེ་བའི་རིག་གནས་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ཞིག་ཡིན།
  
ནག་ཆུ་ཨ་མདོ་རྫོང་བཀྲ་རིན་གྲོང་བརྡལ་གྲོང་ཚོ་བཞི་པའི་སྡེ་མི་བཀྲ་ཤིས་ཚེ་རིང་གིས་ལག་ཤེས་ཁོ་ནར་བརྟེན་ནས་རླངས་འཁོར་གྱི་འབོལ་གདན་བཟོ་བའི་ཚུལ།  
          འགྲེམས་སྟོན་གྱི་ཡུལ་དངོས་ནས་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་སྒྲུབ་དང་། ལྷ་ས་དང་། ཉིང་ཁྲི།  ནག་ཆུ། མངའ་རིས། ལྷོ་ཁ། གཞིས་ཀ་རྩེ་སོགས་ས་གནས་སོ་སོའི་རིག་གནས་ཅུས་ཀྱིས་མཉམ་གཅིག་ཏུ་བསྒྲུབས་པ་ཞིག་ཡིན། འདི་ལ་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། དྲིལ་བསྒྲགས་པུའུ། ཁུལ་དང་གྲོང་ཁྱེར་སོ་སོའི་ཏང་ཨུ་དང་དྲིལ་བསྒྲགས་པུའུ་ཡིས་རྒྱབ་སྐྱོར་གང་ལེགས་འཐོབ་ཡོད། ཐེངས་འདིའི་བྱ་འགུལ་ནི་ས་གནས་སོ་སོའི་རིག་གནས་ཅུས་ཀྱི་འགན་འཁུར་རྩ་འཛུགས་ཀྱིས་ཁོངས་གཏོགས་ས་གནས་ནས་ཐེངས་འདིའི་བྱ་འགུལ་གྱི་བརྗོད་བྱར་འཚམ་པའི་ཁྱད་ལྡན་ཁེ་ལས་དང་། ཁྱད་ལྡན་ཐོན་རྫས། དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ། སྲོལ་རྒྱུན་གྱི་ཟས་མཆོག་སོགས་འགྲེམས་སྟོན་དུ་བདམས་པ་དང་། འགྲེམས་སྟོན་དུ་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་། དངོས་མིན་ཤུལ་བཞག་རྣམ་གྲངས་སྲུང་སྐྱོབ་སྡེ་ཁག ཞིང་འབྲོག་མང་ཚོགས་ཆེད་ལས་མཉམ་ལས་ཁང་། ཁྱད་ལྡན་རིག་གནས་ཁེ་ལས་གཉིས་གཏོད་སོགས་རིག་གནས་གསར་སྤེལ་ཁེ་ལས་50ཙམ་ཞུགས་ཡོད། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་སྣ་ཁ་སྟོང་ཕྲག་བརྒལ་བ་མཉམ་གཅིག་ཏུ་བཤམས། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རོགས་སྐྱོར་བྱེད་པའི་རིག་གནས་ཐོན་རྫས་ཀྱི་གདམ་གསེས་དང་བགྲོ་གླེང་བྱ་བའང་ཐེངས་འདིའི་འགྲེམས་སྟོན་སྐབས་སུ་སྤེལ།
 
ཡུལ་སྐོར་བས་འགྲེམས་སྟོན་གྱི་སྐབས་སུ་ནག་ཆུ་བྱང་ཐང་གི་མི་རིགས་གྱོན་ཆས་སྤྲས་པའི་ཚུལ། 
          བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ལ་ད་དུང་བྱ་འགུལ་སྣ་ཚོགས་ཤིག་ཀྱང་གྲ་སྒྲིག་བྱས་ཡོད་དེ།  བོད་རང་སྐྱོང་ལྗོངས་འགུལ་རིས་ལྷན་ཚོགས་ཀྱིས་བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་བཅུ་ཕྲག་ལྷག་གི་འགུལ་རིས་ཚོགས་པ་འགྲེམས་སྟོན་དུ་ཞུགས་ནས་COSPLAYབྱ་འགུལ་དང་། རིགས་གཉིས་པའི་གླུ་གར་སོགས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་གནང་། དེ་མ་ཟད་བོད་ལྗོངས་ཀྱི་འགུལ་རིས་ཁེ་ལས་དང་བོད་རང་སྐྱོང་ལྗོངས་སྦྲགས་སྲིད་ཅུའུ་གཉིས་མཉམ་འབྲེལ་སྒོས་ཡུལ་དངོས་ནས་འགུལ་རིས་དཔེ་དེབ་ཕྱིར་འཚོང་བ་རེད།
 
ཡུལ་དངོས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་འགུལ་རིས་འཁྲབ་སྟོན།  
          སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་གྱི་དུས་ཡུན་ནི་2017ལོའི་ཟླ་8པའི་ཚེས་19ཉིན་ནས་2017ལོའི་ཟླ་8པའི་ཚེས་26ཉིན་བར་ཡིན། འགྲེམས་སྟོན་ས་གནས་ནི་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་བཅིངས་འགྲོལ་དཀྱིལ་ལམ་སྒོ་རྟགས་ཨང་7པ་སྟེ་ཕོ་བྲང་ནོར་བུ་གླིང་གའི་ལྷ་ས་ཐེ་ཧི་རྒྱལ་སྤྱིའི་རིག་གནས་ཐང་ཆེན་དུ་ཡིན། ཡུལ་བཟུང་བའི་རྒྱ་ཁྱོན་ལ་མུའུ་40ལྷག་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1