གཙོ་ངོས།>> སྒྱུ་རྩལ།>>ཡིག་གཟུགས།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༨ཚེས་༢༣ཉིན།

༄༅།། སྐལ་བཟང་རྡོ་རྗེའི་བྲིས་གཟུགས་བདམས་བཀོད།

རྣམ་དཀར་ལྷ་མོ། སྐལ་བཟང་རྡོ་རྗེས་པར་མཁོ་འདོན་བྱས།
        དེ་ཡང་ཉི་མའི་ལུང་པར་གྲགས་པའི་ཁམས་རྫ་ཆུ་ཁ་ནས་འཚར་ལོངས་བྱུང་ཞིང་ན་ཚོད་ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་སློབ་གསོ་ཐོབ་མྱངས་པའི་སྐལ་བཟང་རྡོ་རྗེ་ལགས་ནི་ཀརྨ་སྒ་བྲིས་ཐང་ག་བྲིས་ལུགས་ཤོག་སྦྱར་མཛེས་བཟོའི་གཅིག་རྒྱུད་གཅིག་གི་རྒྱུད་འཛིན་པ་ཡིན་ལ། གནའ་བོའི་བོད་ཡིག་ཡིག་གཟུགས་ཀྱི་ཕྱག་རྒྱུན་དང་། སྡེ་དགེའི་བོད་ཡིག་ཡིག་གཟུགས་རྒྱུད་འཛིན་པ། ཀ་ལུགས་བོད་ཡིག་ཡིག་གཟུགས་ཤོག་སྦྱར་མཛེས་བཟོ་སྲོལ་གཏོད་མཁན་ཡིན་པར་མ་ཟད། ཁམས་ཕྱོགས་ཀྱི་འཚེམ་དྲུབ་ཐང་གའི་སྲོལ་གཏོད་མཁན་ཡང་ཡིན། དེ་མིན་བོད་ཀྱི་བྲིས་པ་དང། ཐང་ག་རི་མོ་བ་སོགས་མིང་དོན་གཉིས་ཀྱི་གྲགས་ཅན་མི་སྣ་ཞིག་ཏུ་གྱུར།
        ཁོང་དགུང་ལོ་14ཡི་ཐོག་ནས་ཀྲུང་གོའི་ཆེས་ཐོག་མའི་བོད་ཡིག་ཆེད་སྦྱོང་སློབ་གྲྭ་སྟེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྒོ་ཐེམ་རྡོག་པས་བཅགས་ཤིང་། ལྷག་བསམ་དགུང་གི་ཉི་ཟླའི་འོད་ལ་འགྲན་པའི་དགེ་བའི་བཤེས་གཉེན་དག་གི་བཀའ་སློབ་དང་མཛུབ་ཁྲིད་དགོངས་བཞེད་འོག་རིག་གནས་ཆེ་ཆུང་བཅུ་ལ་སྦྱང་བརྩོན་ལྷུར་ལེན་གནང་ཞིང་། ལྷག་པར་དུ་ནང་བསྟན་ཐང་གའི་སྒྱུ་རྩལ་དང་འཚེམ་དྲུབ་སྒྱུ་རྩལ་སོགས་ཀྱི་ཐད་རྨང་རྡོ་བརྟན་པོ་བཞག དེ་ནས་རིམ་བཞིན་ལོ་ཟླའི་འགྲོས་དང་བསྟུན་ནས་ཕྱིས་བྱུང་གི་བགྲང་བྱ་སུམ་ཅུ་ལྷག་གི་རིང་། སྔར་རྒྱུད་ན་ཡོད་པ་བརྗེད་པའི་དབང་དུ་མ་སོང་ཞིང་། ཕྱིས་ཀྱི་ལེགས་པའི་ལས་དེ་རེ་རེ་བཞིན་འཚོལ་ཞིབ་དང་དཔྱད་བསྡུར། བཞེངས་སྐྲུན་སོགས་ཕྱོགས་གང་ཅིའི་ཐད་ནས་ཁ་ལ་ཡུག་གི་རྟུལ་ཞུགས་བཟུང་ཤིང་། ལྷག་པར་ཡིག་གཟུགས་ཀྱི་ཐད་ནས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་རྒན་བློ་ཆོས་ལགས་ཀྱི་ཐུགས་འདུན་ནས་ཕྱག་དང་ཕྱག་བརྒྱུད་ནས་བྲིས་པའི་མན་ངག་ཐོབ་ཅིང་། རང་ཉིད་ཀྱང་བོད་ཡིག་ཡིག་གཟུགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པར་གྱུར་སྟེ། རྒྱལ་ཡོངས་རང་བཞིན་གྱི་ཡིག་གཟུགས་འགྲེམ་སྟོན་དང་འགྲན་སྡུར་ཁྲོད་བྱ་དགའ་དང་གཟེངས་རྟགས་གང་མང་ཐོབ།
        2000ལོར་ཁོང་ཉིད་ཀྱིས་དཀར་མཛེས་ཁུལ་རིག་གནས་ཅུས་ཀྱི་བོད་ཀྱི་གནའ་བོའི་ཡིག་གཟུགས་སྲུང་སྐྱོང་དང་སླར་གསོའི་སྐོར་གྱི་ལས་གཞི་དང་ལེན་བྱས་སྟེ། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་ད་བར་བྲིས་རྒྱུན་ཆད་པའི་གཟི་ཡིག་དང་སྟག་གཟིག་སྤུངས་ཡིག་སོགས་སླར་གསོ་བྱེད་པའི་འགན་ཁུར་ཞིང་། བགྲང་བྱ་དྲུག་གི་དཀའ་སྡུག་བརྒྱུད་དེ། ཉར་ཚགས་དང་ལོ་རྒྱུས་རིན་ཐང་སོགས་རིན་ཐང་དུ་མ་གཞི་གཅིག་ཏུ་འདུས་པའི་བོད་ཡིག་ཡིག་གཟུགས་ཐང་ག་རིང་མོ་120ལྷག་གསར་བཞེངས་མཛད་ནས་དཀར་མཛེས་ཁུལ་རིག་གནས་ཁང་དུ་རྟེན་སྐལ་དུ་བཞག
        དུས་ཡུན་རིང་པོའི་སློབ་སྦྱོང་དང་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་རྒྱུད་འཛིན་བྱེད་ཞོར། སྲོལ་རྒྱུན་དང་དེང་རབས་ཟུང་སྦྲེལ་བྱས་པའི་ཐང་གའི་འབྲི་ལུགས་གསར་པ་ཞིག་གི་སྲོལ་བཏོད་ཅིང་། རྣམ་པ་གསར་པའི་ཐང་ག་བཟོ་སྟངས་དེ་ཁོང་ཉིད་ཀྱིས་ཐང་ག་དང་བོད་ཡིག་ཡིག་གཟུགས་བརྒྱ་ཕྲག་སྟོང་ཕྲག་ལྷག་ཤོག་སྦྱར་མཛེས་བཟོ་གྲུབ་ཅིང་། ལས་རིགས་དེའིི་ཁྲོད་ནས་ཀུན་གྱིས་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ད་ལྟ་བོད་ཁུལ་ལྗོངས་ཞིང་ལྔའི་ས་ཁུལ་དག་ཏུ་ཁོང་གིས་མཛད་པ་འདིའི་ཕྱག་རྒྱུན་རིམ་བཞིན་རྒྱུན་འཛིན་གྱི་མོས་འདུན་ཡོད་མཁན་དག་གིས་དར་སྤེལ་གཏོང་བཞིན་ཡོད།
        2009ལོར་ཁོང་ཉིད་ཀྱིས་ཀ་ལུགས་བོད་ཡིག་ཡིག་གཟུགས་ཀྱི་ཤོག་སྦྱར་མཛེས་བཟོའི་ལག་རྩལ་གསར་གཏོད་བྱས་ཏེ་བོད་ཡིག་ཡིག་གཟུགས་གསེར་བྲིས་མ་ཞིག་ཀྲུང་གོའི་ནུབ་རྒྱུད་དངོས་མང་འགྲེམ་སྟོན་ཚོགས་འདུའི་གཙོ་སྒྲུབ་ཨུ་ལྷན་གྱིས་ཉར་ཚགས་དང་འགྲེམ་སྟོན་བྱས་ཤིང་། 2010ལོར་ལག་རྩལ་དེར་སླར་ཡང་ཚད་མཐོའི་གདེང་འཇོག་ཐོབ་ཅིང་ལོ་དེའི་ཟླ་6པར་དཀར་མཛེས་ཁུལ་གྱི་བོད་ཡིག་ཡིག་གཟུགས་ཀྱི་ཚབ་མཛད་དེ་ཀྲུང་གོའི་ནུབ་རྒྱུད་དངོས་མང་འགྲེམ་སྟོན་ཚོགས་ཆེན་དུ་བོད་ཡིག་ཡིག་གཟུགས་ཀྱི་འགྲེམ་སྟོན་བྱས། 2013ལོར། ཁོང་ལ་སི་ཁྲོན་ཞིང་ཆེན་བྲིས་གཟུགས་སྒྱུ་རྩལ་གྱི་མཁན་པོ་ཞེས་པའི་མཚན་སྙན་གནང་།

        སྤྱིར་བྲིས་གཟུགས་ནི་ཆེས་ཐུན་མིན་གྱི་སྒྱུ་རྩལ་གྱི་རྣམ་པ་ཞིག་སྟེ། བོད་ཡིག་བྲིས་གཟུགས་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྲོང་བཙན་སྒམ་པོའི་དུས་སྐབས་སུ་སློབ་དཔོན་ཐོན་མིས་སྔར་ཡོད་ཡི་གེའིི་ཐོག་རྒྱ་གར་ཡི་གེར་དཔེ་བླངས་ཤིང་བོད་རིག་གནས་དང་ཟུང་དུ་སྦྲེལ་ཏེ་འཐུས་སྒོ་ཚང་བའི་མ་ཡིག་འདི་བཏོད་ཅིང་། རྗེས་སུ་བྲིས་གཟུགས་མཁན་རྣམ་བརྒྱད་བྱུང་སྟེ་བྲིས་གཟུགས་ཀྱི་མ་ལག་ཆེན་པོ་བརྒྱད་ཆགས། 2008ལོར་བོད་ཡིག་བྲིས་གཟུགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ཏེ་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པ་རེད། ཐང་ག་དང་བྲིས་གཟུགས་སྒྱུ་རྩལ་དེ་སྐལ་བཟང་རྡོ་རྗེ་ཁོང་ཉིད་ལ་མཚོན་ན་མི་ཚེ་འདིའི་འབད་པ་བྱེད་ས་དང་ལྷག་པར་དུ་ཚེ་ནོམ་དུ་གྱུར་ཡོད་ལ། དེ་བས་ཀྱང་ངེད་ཅག་བོད་མི་རིགས་ཀྱི་རིག་གནས་ཁྲོད་འོད་དུ་འཚེར་བའི་སྐར་མ་དེ་ཡིན་ནོ། །  

39.7K

རྩོམ་ཡིག་སྔོན་མ།
ལོ་དེའི་དགུན་ཁར།
རྩོམ་ཡིག་རྗེས་མ།
སེམས་གཏམ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1